མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་འཐུས་མི་རྣམས་པེ་ཅིན་དུ་འབྱོར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-03 15:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་པེ་ཅིན་དུ་སླེབས་ནས་ཅུང་མ་འགོར་བར་བསྡུས་རྒྱུ་ཡིན་པའི་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པར་ཞུགས་རྒྱུ་རེད།

ཐེངས་འདིའི་གྲོས་ཚོགས་ལེགས་པོར་ཚོགས་པ་དང་ནན་ཏན་གྱིས་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་གང་ལེགས་བྱེད་ཆེད། ད་ལོའི་དཔྱིད་ཀ་ནས་བཟུང་། མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྣམས་གཞི་རིམ་དུ་བསྐྱོད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་དང་མི་དམངས་མང་ཚོགས་ཀྱི་ཐུགས་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་ལ་གཞིགས་ཏེ་བརྟག་བཤེར་ཞིབ་འཇུག་བྱས་པ་དང་། སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས་གྲ་སྒྲིག་གང་ལེགས་བྱས།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་སུ་བསྡུས་པའི་ཐེངས་དང་པོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཡིན་ལ། འཐུས་མི་རྣམས་ལ་དགའ་སྤྲོ་དང་སྤོབས་པས་ཁེངས་ཡོད། འཐུས་མི་པའེ་ཞིག་ཧྭ་ཡིས་བཤད་རྒྱུར། ང་ཚོས་མཚོ་སྔོན་གྱི་མང་ཚོགས་མི་ཁྲི570ཡི་རེ་བ་ཆུད་ཟོས་སུ་མི་གཏོང་བར་རང་ནུས་ཅི་ལྕོགས་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་གང་ལེགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེགས་བུ་འདི་བེད་སྤྱོད་ལེགས་པོར་བྱས་ནས་ཧུར་བརྩོན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན། མང་ཚོགས་ཀྱི་འདོད་བློ་དག་ཡར་ཞུ་བྱེད་ངེས་ཡིན་ཟེར།

འཐུས་མི་ཏིན་ཞའོ་ཧུའེ་ཡིས་གྲ་སྒྲིག་བྱས་པའི་བསམ་འཆར་ཁྲོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་གི་རྒྱུན་ཕན་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར་བཏོན་ཡོད་པ་དང་། ཁོས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་གཉིས་ཀྱི་སྟེང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དེ་ཚང་མའི་དོ་སྣང་བྱེད་པའི་ཚ་གནད་དུ་འགྱུར་ངེས་ལ། མཚོ་སྔོན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་བསམ་འཆར་འདོན་པ་དང་འབོད་སྐུལ་གཏོང་བ་བརྒྱུད་རྒྱལ་ཁབ་ཀྱི་བཅོས་བསྒྱུར་གཏིང་བཟབ་བྱེད་པའི་གོ་རིམ་ཁྲོད་འཕེལ་རྒྱས་སུ་སོང་མེད་པའི་ཞིང་ཆེན་ཁག་ལ་སྔར་ལས་མང་བའི་རོགས་སྐྱོར་དང་བཅོས་བསྒྱུར་གཟིགས་སྐྱོང་ཐོབ་ཐུབ་པའི་རེ་བ་བྱས་ཡོད་ཟེར།

འཐུས་མི་པིས་ཧྲིན་ཀྲུང་གིས་རོང་འབྲོག་ཁུལ་གྱི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་དང་རོང་འབྲོག་པ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོང་སོགས་དང་འབྲེལ་བའི་བསམ་འཆར་གྲ་སྒྲིག་བྱས་ཡོད། ཁོས་བཤད་རྒྱུར། བསམ་འཆར་འདི་དག་ཚོགས་ཆེན་སྟེང་ཡར་ཞུ་བྱས་ནས་འཐུས་མི་རྣམས་ཀྱིས་གྲོས་ཞིབ་དང་གྲོས་སྡུར་བྱས་པ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་རོང་འབྲོག་ཁུལ་དེ་མགྱོགས་མྱུར་དང་བརྟན་བརླིང་། འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་ཡོད་ཟེར།

འཐུས་མི་རྣམས་ཀྱིས་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་སྟེང་བློ་རྩེ་གཅིག་སྒྲིམ་ངང་འགན་འཁྲི་རང་བཞིན་ལ་མཐོང་ཆེན་བྱས་ཏེ། ནན་ཏན་གྱིས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བཞག་ཆུད་ཟོས་སུ་མི་གཏོང་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག