མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-01 11:07

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་ཉི་འོད་ནུས་པའི་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར་དང་། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ནས་མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་མཛུབ་སྟོན་བསམ་འཆར་དང2014ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ལག་བསྟར་ཇུས་གཞི། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་གསོག་ཚད་གཞི་ཇེ་མཐོར་གཏོང་བ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

    ཚོགས་ཐོག་ནས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ཉི་འོད་ནུས་པའི་ཐོན་ལས་གོང་འཕེལ་དུ་བཏང་བས། ཅུང་འཐུས་ཚང་བའི་ཐོན་ལས་ཀྱི་མུ་ཁྱུད་ཐོག་མར་གྲུབ་པ་དང་། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཀྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲས་སུ་འཛུགས་སྐྲུན་བྱས་ལ། ཉི་འོད་ནུས་པའི་ཐོན་ལས་དེ་ཁྱད་ཆོས་ཅན་གྱི་ཐོན་ལས་བཟང་བོར་གྱུར་ཞེས་བསྟན། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉི་འོད་ནུས་པའི་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་འགར་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། གློག་དྲའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། གློག་འདོན་སྟངས་སྣ་ཚོགས་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་རྒྱལ་ཡོངས་ཀྱི་ཉི་འོད་ནུས་པའི་ཐོན་ལས་རྟེན་གཞི་གཙོ་བོ་དང་ཆེས་ཆེ་བའི་ཉི་འོད་ནུས་པའི་གློག་འདོན་རྟེན་གཞི་རུ་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། ཉི་འོད་ནུས་པའི་ལྷུ་ལག་ཐོན་སྐྱེད་དང་དྲ་རྒྱ་མཉམ་བསྲེས་ཀྱི་འཁོར་སྐྱོད་ལག་རྩལ་ལ་བརྟེན་ནས། རྒྱལ་ཁབ་རིམ་པའི་ཉི་འོད་ནུས་པའི་ཐོན་ལས་ཀྱི་ཚན་རྩལ་ཞིབ་འཇུག་ལྟེ་གནས་འཛུགས་དགོས་ཞེས་ནན་གྱིས་བསྟན།

    ཚོགས་ཐོག་ནས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ནི་རོང་འབྲོག་སྡེ་གསར་བའི་འཛུགས་སྐྲུན་དང་མཁར་གྲོང་གཞི་གཅིག་ཅན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ནང་དོན་གལ་ཆེན་ཡིན་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རེ་འདོད་དང་རེ་སྒུག་ཀྱང་ཡིན་པས། 2014ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་སྡེ་བ་གཙོ་བོ་སུམ་བརྒྱ་གཏན་ཁེལ་བྱས་ཏེ། ཁོར་ཡུག་མཛེས་ཤིང་འཚོ་བ་བཟང་བའི་མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད། ཚོགས་ཐོག་ནས་ཡུལ་བབ་དང་བསྟུན་པ་དང་རིགས་བགར་ནས་མཛུབ་སྟོན་བྱེད་པ། སྔོན་ལ་འཆར་འགོད་བྱེད་པ། སྒྲིག་གཞི་འཐུས་ཚང་དུ་གཏོང་བ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། གཅིག་གྱུར་མཐུན་སྦྱོར་བྱེད་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྟ་སྐུལ་འདྲི་ཞིབ་སྒྲིག་གཞི་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་། གཙོ་བོར་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ས་ཞིང་བཅོས་སྐྱོང་། ལས་དར་དམངས་ཕྱུག དོ་དམ་གསར་སྐྲུན་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱས་ནས། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

    ཚོགས་ཐོག་ནས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་སྔར་ལས་མཐོར་འདེགས་བྱེད་ཆེད། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་གསོག་ཚད་གཞི་དེ་སྔོན་ཆད་ཀྱི་སྒོར་བཞི་བརྒྱ་བདུན་ཅུ་ནས་སྒོར་ལྔ་བརྒྱ་དང་བཅུ་རུ་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། ཇེ་མཐོར་བཏང་བའི་སྒོར་བཞི་བཅུའི་ནང་ནས། སྒོར་སུམ་ཅུ་ནོར་སྲིད་ཀྱིས་ཁ་གསབ་བྱེད་རྒྱུ་ཡིན་པ་དང་། མི་སྒེར་གྱི་སྒོར་བཅུ་སྤྲོད་རྒྱུ་གཏན་ཁེལ་བྱས། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག