མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་སྤུན་ཟླར་བསྐུར་བའི་བོད་ཤིང་ཕོ་རྟ་ལོའི་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-01 10:44

    ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།

    བོད་ཤིང་ཕོ་རྟ་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ངས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་མ་ཟད། ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

    འདས་མ་ཐག་པའི་ཉིས་སྟོང་བཅུ་གསུམ་ལོ་ནི་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་བས། ལས་དོན་སྣ་ཚོགས་ལ་གོང་འཕེལ་གསར་བ་བྱུང་ནས་ཆུ་ཚད་གསར་བར་བསླེབས་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་མཐུན་དང་གསར་སྤེལ་གསར་སྐྲུན། མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ། འདིའི་ནང་དུ་རྒྱ་ཆེའི་བོད་རིགས་སྤུན་ཟླའི་དཀའ་སྤྱད་འབད་བརྩོན་ཡང་འདུས་ཡོད།

    ཉིས་སྟོང་བཅུ་བཞི་ལོ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་མགོ་རྩོམ་པའི་ལོ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པའི་གནད་འགག་གི་ལོ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་གལ་ཆེ་བའི་ལོ་བཅས་ཡིན་པས། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་པས་མུ་མཐུད་དུ་མཚོ་སྔོན་མཐོ་སྒང་གི་ཁྱད་པར་ཅན་གྱི་སྙིང་སྟོབས་ལྔ་དར་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཁུལ་གསུམ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམ་དུ་དམིགས་ནས། བརྩོན་སེམས་ཆེར་བསྐྱེད་དང་བྱ་བ་ནན་སྒྲུབ་ཀྱིས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་ལ་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད།

    མཐར་བོད་རིགས་སྤུན་ཟླ་རྣམ་པར་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་ནས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག