མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡིས་མཚོ་སྔོན་གྱི་མཚོ་བོད་མཐོ་སྒང་གི་ས་ཁོངས་རང་བཞིན་གྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-26 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན་ནས་ཚེས25ཉིན་བར། ཧྥ་རན་སིའི་སྤྱི་ཚོགས་ཕན་བདེ་འཕྲོད་བསྟེན་པུའུ་དང་ཧྥ་རན་སིའི་ཡྰ་མིན་སློབ་ཁྲིད་སྨན་བཅོས་ཚོགས་སྒྲིལ་གྱི་སྨན་བཅོས་ཆེད་མཁས་པ་འཁོར་དང་བཅས་པ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་ཡོང་ནས། ཧྥ་རན་སིའི་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་ལེགས་འགྲུབ་ཀྱི་ཉམས་མྱོང་མཚམས་སྦྱོར་བྱས་པ་དང་། མཉམ་ལས་བརྗེ་རེས་ཀྱི་གྲོས་མཐུན་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་དང་རྒྱལ་སྤྱིའི་སྔོན་ཐོན་སྨན་བཅོས་འཕྲོད་བསྟེན་ལག་རྩལ་དང་སྨན་ཁང་དོ་དམ་ཉམས་མྱོང་ཐད་ཀྱི་བརྗེ་རེས་དང་མཉམ་ལས་ཤུགས་སྣོན་བྱས།

ན་ནིང་གི་ཟླ10བར། ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡིས་འབྲེལ་མཐུད་བྱས་པ་བརྒྱུད། ཞིང་ཆེན་མི་དམངས་སྨན་ཁང་གིས་སྨན་བཅོས་ཆེད་མཁས་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ་ཧྥ་རན་སིའི་ཡྰ་མིན་སློབ་ཁྲིད་སྨན་བཅོས་ཚོགས་སྒྲིལ་དང་ལི་མའོ་རི་སྨན་ཁང་། ཉི་སི་སློབ་ཁྲིད་སྨན་བཅོས་ཚོགས་སྒྲིལ། པའོ་ཨར་ཏའོ་སློབ་ཆེན་སློབ་ཁྲིད་སྨན་ཁང་སོགས་ཧྥ་རན་སིའི་མིང་གྲགས་ཆེ་བའི་སྨན་བཅོས་ལས་ཁུངས་སུ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས་པས། སྨན་ཁང་ནང་ཁུལ་གྱི་དོ་དམ་དང་མྱུར་བརྟག་མྱུར་སྐྱོབ། བསླབ་ཚན་འཛུགས་སྐྲུན་སོགས་ཀྱི་ཆུ་ཚད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཐེངས་འདིའི་སྨན་བཅོས་ཆེད་མཁས་པ་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་པ་དེས་ཧྥ་རན་སིའི་ཡྰ་མིན་སློབ་ཁྲིད་སྨན་བཅོས་ཚོགས་སྒྲིལ་གྱིས་ཞིང་ཆེན་མི་དམངས་སྨན་ཁང་ལ་བསླབ་ཚན་འཛུགས་སྐྲུན་དང་སྨན་བཅོས་ལག་རྩལ། ཚན་རིག་ཞིབ་འཇུག འཇོན་མི་གསོ་སྐྱོང་སོགས་ཐད་ཀྱི་མཉམ་ལས་གྲོས་མཐུན་བཀོད་དེ་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་པ་དང་། ཞིང་ཆེན་མི་དམངས་སྨན་ཁང་གི་སློབ་ཆེན་ཚན་ཁག་འཛུགས་སྐྲུན་གྱི་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་དབྱང་དབུགས་དཀོན་པའི་གསོ་རིག་ཞིབ་འཇུག་རྟེན་གཞི་དང་རྒྱལ་ཁབ་མཐོ་སྒང་གསོ་རིག་གི་ནད་ཐོག་ཉམས་མྱོང་ཞིབ་འཇུག་རྟེན་གཞི། མཚོ་བོད་མཐོ་སྒང་གི་ས་ཁོངས་རང་བཞིན་གྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་དམིགས་འབེན་ལེགས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག