མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔྱིད་དུས་སློབ་མགོ་ཚུགས་པ་ནས་བཟུང་མཚོ་སྔོན་གྱི་སློབ་མ་ཁྲི79ཡི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-26 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་དུས་སློབ་མགོ་ཚུགས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་སློབ་མ་ཁྲི79ཡི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད། གསར་འགོད་པས་ཟླ2པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དཔྱིད་དུས་སློབ་མགོ་ཚུགས་པ་ནས་བཟུང་། མཚོ་སྔོན་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ངལ་གསོ་དུས་ཚོད་ལ་གཏན་འཁེལ་ནན་མོ་བྱེད་རྒྱུ་རེད། དུས་མཚུངས་སུ་གཏན་འཁེལ་ལས་འགལ་ཏེ་སློབ་ཁྲིད་ཁ་གསབ་དང་དགེ་རྒན་ལ་གླ་བྱིན་ཏེ་ཁྱིམ་ནས་སློབ་ཁྲིད་བྱེད་པ། སློབ་མའི་སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་དུས་ཡུན་རིང་བ་བཅས་གཙོ་གནད་དུ་བཟུང་སྟེ་ལེགས་བཅོས་བྱེད་རྒྱུ་དང་། ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་ལ་རྒྱུན་ལྡན་རང་བཞིན་གྱི་ཆེད་དམིགས་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུ་རེད།

ད་ལོའི་དཔྱིད་དུས་སློབ་མགོ་ཚུགས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ངལ་གསོའི་དུས་ཚོད་ལ་གཏན་འཁེལ་ནན་མོ་བྱེད་རྒྱུ་རེད། སློབ་ཆུང་སློབ་མ་ཞོགས་པ་སློབ་གྲྭར་ཐོན་དུས་དུས་ཚོད8ཡན་ལ་མི་སླེབས་པ་དང་ཉིན་གུང་དུས་ཚོད14ཡན་ལ་མི་སླེབས་པ། ཉིན་གུང་དང་ཕྱི་དྲོའི་སློབ་ཁྲིད་གྲོལ་དུས་དུས་ཚོད12དང་དུས་ཚོད16དང་སྐར་མ30ལས་མི་འཕྱི་བ། སློབ་ཆུང་སློབ་མ་ཉིན་རེར་སློབ་གྲྭར་སློབ་སྦྱོང་བྱེད་ཡུན་དུས་ཚོད6ལས་བརྒལ་མི་ཆོག་པ་དང་། དམའ་འབྲིང་སློབ་མ་ཞོགས་པ་སློབ་གྲྭར་ཐོན་དུས་དུས་ཚོད8ཡན་ལ་མི་སླེབས་པ་དང་ཉིན་གུང་དུས་ཚོད14ཡན་ལ་མི་སླེབས་པ། ཉིན་གུང་དང་ཕྱི་དྲོའི་སློབ་ཁྲིད་གྲོལ་དུས་དུས་ཚོད12དང་སྐར་མ30དང་། དུས་ཚོད15དང་སྐར་མ30ལས་མི་འཕྱི་བ། དམའ་འབྲིང་སློབ་མ་ཉིན་རེར་སློབ་གྲྭར་སློབ་སྦྱོང་བྱེད་ཡུན་དུས་ཚོད7ལས་བརྒལ་མི་ཆོག་པ་དང་། མཐོ་འབྲིང་སློབ་མ་ཉིན་རེར་སློབ་གྲྭར་སློབ་སྦྱོང་བྱེད་ཡུན་དུས་ཚོད8ལས་བརྒལ་མི་ཆོག་པ་བཅས་གཏན་འཁེལ་བྱས་ཡོད། དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་འཛིན་གྲྭའི་སློབ་མ་དང་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མའི་སློབ་གྲྭར་སློབ་སྦྱོང་བྱེད་ཡུན་འོས་འཚམ་གྱིས་ཇེ་རིང་དུ་བཏང་ཆོག་ལ། རོང་འབྲོག་ཁུལ་བཅའ་སྡོད་ལམ་ལུགས་སློབ་གྲྭས་གནས་ཚུལ་ལ་གཞིགས་ཏེ་ཟླ་གནང་ལམ་ལུགས་ལག་བསྟར་ཆོག་ལ། འོན་ཀྱང་ཟླ་གནང་གི་དུས་ཡུན་ཁྲིམས་ལུགས་གཏན་འཁེལ་གྱི་དུས་ཡུན་ལས་བརྒལ་མི་ཆོག

སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་སློབ་གྲྭ་ཆུང་འབྲིང་གིས་གཟའ་མཇུག་གི་ངལ་གསོ་དུས་ཡུན་དང་གུང་གསེང་སོགས་སློབ་མའི་གུང་གསེང་གི་དུས་ཡུན་བེད་སྤྱད་དེ་གཏན་འཁེལ་ལས་འགལ་ཏེ་སློབ་ཁྲིད་ཁ་གསབ་དང་དགེ་རྒན་ལ་གླ་བྱིན་ཏེ་ཁྱིམ་ནས་སློབ་ཁྲིད་བྱེད་པ། སློབ་མའི་སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་དུས་ཡུན་རིང་བ་བཅས་མང་ཚོགས་ལ་བསམ་ཚུལ་མང་བའི་གནད་དོན་གཙོ་གནད་དུ་བཟུང་སྟེ་ལེགས་བཅོས་བྱེད་དགོས་ལ། ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་ལ་རྒྱུན་ལྡན་རང་བཞིན་གྱི་ཆེད་དམིགས་ཞིབ་བཤེར་དང་ལྟ་སྐུལ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སློབ་གྲྭ་སོ་སོའི་སློབ་སྒྲུབ་ཚད་ལྡན་དུ་བཏང་ནས་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པ་མ་ཟད། དེ་སློབ་གྲྭ་དང་སློབ་གཙོའི་གྲུབ་འབྲས་དཔྱད་འཇོག་གི་ནང་དོན་གཙོ་བོར་བཞག་སྟེ། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།  །

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག