མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་གཞི་རིམ་སྤྱི་ཚོགས་དོ་དམ་ཉམས་མྱོང་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས་པ་དང་། རིན་ཆེན་རྒྱལ་གྱིས་བོད་ཁུལ་བརྟན་འཇགས་ཡོང་དགོས་ན། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་བྱ་བར་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཚེས18ཉིན་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་གཞི་རིམ་སྤྱི་ཚོགས་དོ་དམ་ཉམས་མྱོང་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། གཟིམ་ཁང་ཚང་གཉིས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཆོས་ལུགས་ལས་རིགས་མི་སྣ་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་མི་བཞི་ཅུ་ལྷག་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་ཁོངས་གཏོགས་ཀྱིས་བོད་ཁུལ་འཆམ་མཐུན་བརྟན་འཇགས་ཡོང་བའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་བྷོ་ཡིས་གྲོས་ཚོགས་སུ་ཞུགས་པའི་མི་སྣར་སྡེ་བ་དེས་ཇི་ལྟར་རྗེས་ལུས་ཀྱི་རྣམ་པ་ནས་སྔོན་ཐོན་སྡེ་བའི་ཕྱོགས་སུ་བསྐྱོད་པའི་ཉམས་མྱོང་དང་བྱེད་ཐབས་གཙོ་བོ་མཚམས་སྦྱོར་བྱས། རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་བོད་ཁུལ་འཆམ་མཐུན་བརྟན་འཇགས་ཡོང་བའི་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། རབ་འོག་མ་སྡེ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོར་གདེང་འཇོག་ཚད་མཐོན་པོ་བྱས།

རིན་ཆེན་རྒྱལ་གྱིས་ནན་གྱིས་བསྟན་དོན། བོད་ཁུལ་གྱི་དེང་སྐབས་ཀྱི་འཆམ་མཐུན་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་དགོས་ན། གནད་འགག་གཞི་རིམ་ཡིན་པ་དང་། དགོན་པ་དང་སློབ་གྲྭ། སྡེ་བ་སོགས་གཞི་རིམ་ལས་ཁུངས་ཀྱི་རང་བདག་དོ་དམ་ནུས་པ་ཇེ་མཐོར་གཏོང་བ་དེ་བོད་ཁུལ་གྱི་འཆམ་མཐུན་བརྟན་འཇགས་དང་ཡུན་རིང་བདེ་འཇགས་ཡོང་བར་འབྲེལ་བ་ཆེན་པོ་ཡོད། རབ་འོག་མ་སྡེ་བའི་སྤྱི་ཚོགས་དོ་དམ་ཉམས་མྱོང་དང་དཔེ་འོས་ཀྱི་བྱེད་ཐབས་དེས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་ཇེ་མགྱོགས་དང་ཡར་སྐུལ་བྱས་ནས། བོད་ཁུལ་གྱི་གཞི་རིམ་སྤྱི་ཚོགས་དོ་དམ་བྱ་བ་ཇེ་རྒྱས་ཇེ་ཞིབ་དུ་གཏོང་བར་ཕན་འབྲས་ལྡན་པའི་ཉམས་མྱོང་འདོན་སྤྲོད་བྱས་ཟེར།

རིན་ཆེན་རྒྱལ་གྱིས་བསྟན་དོན། རབ་འོག་མ་སྡེ་བའི་སྔོན་ཐོན་ཉམས་མྱོང་མཚམས་སྦྱོར་བྱེད་པ་དེ་ནི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གཏན་ལ་ཕབ་པའི་ལས་འགན་ཡིན་པ་དང་། ད་ལོར་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུས་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། རིམ་པ་སོ་སོའི་སྲིད་གྲོས་དང་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་། ངོས་ཟིན་ཇེ་མཐོར་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྲིད་གྲོས་ཀྱི་ནུས་པ་འདོན་སྤྲོད་བཟང་བོ་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར། གྲོས་ཚོགས་གྲོལ་རྗེས། ས་གནས་སོ་སོའི་སྲིད་གྲོས་འགན་ཁུར་བློ་མཐུན་གྱིས་དུས་ཐོག་ཏུ་གྲོས་ཚོགས་ཀྱི་དགོངས་དོན་དེ་ས་གནས་དང་ཏང་ཨུར་ཡར་ཞུ་བྱས་ནས་ཏང་ཨུའི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ། གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་དངོས་འབེབས་གང་ལེགས་བྱེད་དགོས། ཐེངས་འདིའི་སྒྲོག་སྦྱོང་བྱ་བར་གཞོགས་འདེགས་བྱེད་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས་རྗེས་ལུས་ཀྱི་སྡེ་བ་ཞིག་གི་བསྐྱར་དར་ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་དེབ་ཆུང་ཞིག་རྩོམ་སྒྲིག་པར་སྐྲུན་བྱས་ཤིང་། ས་གནས་སོ་སོའི་སྲིད་གྲོས་ཀྱིས་གང་མགྱོགས་སྒོས་དེབ་ཆུང་དེ་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། སྡེ་དཔོན་རེ་རེའི་ལག་ཏུ་འབྱོར་བར་བྱས་པ་མ་ཟད། སྒྲོག་སྦྱོང་བྱ་བར་རྩ་འཛུགས་གང་ལེགས་བྱས་ཏེ་རབ་འོག་མ་སྡེ་བའི་རང་བདག་དོ་དམ་དང་དམངས་གཙོའི་དོ་དམ་གྱི་བྱེད་ཐབས་གསར་བ་མཚམས་སྦྱོར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་རྩ་འཛུགས་སོ་སོའི་ཁྲོད་རབ་འོག་མ་སྡེ་བར་སློབ་སྦྱོང་བྱས་ནས་རང་བདག་དོ་དམ་ལ་ཤུགས་སྣོན་པའི་ཚ་རླབས་ཤིག་སློང་དགོས། སྡེ་དམངས་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱེད་པ་དང་། རང་བདག་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་ཡར་སྐུལ་བྱེད་པར་རོགས་རམ་བྱེད་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག