མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་དང་ཟུང་སྦྲེལ་བྱས་ཏེ།ཀྲུང་གོའི་ཕུགས་འདུན་དང་ལྗང་མདོག་འགྲུལ་བཞུད་ཀྱི་བརྗོད་བྱར་དམ་དུ་དམིགས་ནས། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་འཛུགས་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་མ་ཟད།སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ། སྔོ་ཡུག་ཡུག་གི་ནམ་མཁའ་དང་དཀར་བོང་བོང་གི་སྤྲིན་དཀར། དག་གཙང་གི་མཁའ་དབུགས་བཅས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་རྒྱུ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་ལས་གཞིར་ཁ་གཏད་འཇལ་ཆེད་དུ། ད་ལོར་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡིས་མ་དངུལ་སྒོར་དུང་ཕྱུག་གཅིག་བསྡུས་ནས།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གནས་སྐོར་ཞབས་ཞུའི་སྒྲིག་ཆས་གསར་འཛུགས་གཙོ་གནད་དུ་བཟུང་ཐོག ཡུལ་ཤུལ་གནས་སྐོར་གྱི་ལས་རིམ་སྔར་ལས་ཇེ་ཡག་ལ་གཏོང་བ་དང་།ཕྱོགས་བསྡུས་འགྲིམ་འགྲུལ་དང་གནས་སྐོར་ཞབས་ཞུའི་སྒྲིག་ཆས་གཉིས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་འབད་པ་བྱས་ཏེ། ཡུལ་ཤུལ་གསར་བ་དང་ཁྱིམ་གཞིས་གསར་བ། འཚོ་བ་གསར་བ། གནས་བབ་གསར་བ་བཅས་ཀྱི་ཁྱད་ཆོས་ཡོད་པའི་གནས་སྐོར་རྟེན་གཞི་འཛུགས་རྒྱུ་རེད། དེ་དང་མཉམ་དུ། གཉན་པོ་གཡུ་རྩེ་སྐྱེ་ཁམས་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་ཀྱི་རེ་བ་ལྟར།མཚོ་སྔོན་ཞིང་ཆེན་གྱིས་གཉན་པོ་གཡུ་རྩེའི་ཡུལ་ལྗོངས་གསར་འཛུགས་བྱ་གཞག་ལ་ནན་ཏན་སྒོས་སྐུལ་འདེད་བཏང་ཐོག རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་གནས་སྐོར་བར་སྣེ་ལེན་བྱེད་སའི་རྟེན་གཞི་མགྱོགས་མྱུར་སྒོས་བསྐྲུན་པ་མ་ཟད།སྡོད་ཁང་དང་གསོལ་མགྲོན་ཁང་ཆེན་མོ། ཉོ་ཚོང་ལྟེ་གནས།འཁྲབ་སྟོན་བྱེད་ས་སོགས་ཆ་ཚང་བའི་ཞབས་ཞུའི་སྒྲིག་ཆས་གསར་འཛུགས་ལ་ཤུགས་བསྣན་ཏེ།ས་མཐོའི་མགོ་ལོག་གི་གནས་སྐོར་རྟེན་གཞི་འཛུགས་སྐྲུན་བྱས་ནས།མགོ་ལོག་གི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ལིག་ལིས་ཀྲི་ཡིས་བཤད་རྒྱུར།ཡུལ་ཤུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་གནས་སྐོར་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ས་ཁུལ་གསར་བསྐྲུན་ནས་མགོ་རྩོམ་པ་དང་མགྲོན་པོའི་ཡོང་ཁུངས་འཛོམས་པོ་ཡིན་པའི་ཁྲོམ་རའི་དགོས་མཁོ་ལ་གཞིགས་ནས།སྐྱེ་ཁམས་ཡུལ་སྐོར་ལ་ཕན་པའི་བགྲོད་ལམ་བརྒྱད་གསར་དུ་ལས་པ་བརྒྱུད། གནས་སྐོར་བའི་སྣང་ངོར་ཡུལ་ཤུལ་གྱི་མི་དང་རི་སྐྱེས་སྲོག་ཆགས་གཉིས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་སྒོ་ནས་འཚོ་གནས་བྱེད་བཞིན་པའི་རྣམ་པ་འཆར་དུ་འཇུག་རྒྱུ་མ་ཟད།གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་གནས་སྐོར་བའི་མཐོང་ལམ་དུ་བཤམས་ཐུབ་པར་འབད་དེ།མཚོ་སྔོན་མི་དམངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་བླ་མེད་བཞག་དང་འཇོག་བཞིན་པའི་རྣམ་པ་མཚོན་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག