མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་གྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཞིང་ཆེན་རྩིས་བཤེར་ཐིན་དུ་སོང་ནས། རྩིས་བཤེར་ཐིན་གྱི་ལས་བྱེད་པར་འཚམས་འདྲི་དང་རྩིས་བཤེར་བྱ་བར་རྟོག་ཞིབ་བྱས། ཁོས་རྩིས་བཤེར་སྡེ་ཁག་གིས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འགན་ནུས་གཏན་ཁེལ་ཡང་དག་བྱས་ནས། ལྷག་བསམ་ཟོལ་མེད་ཀྱིས་འགན་ནུས་སྒྲུབ་པ་དང་། འགན་ཁུར་ཕོད་པ། བཅོས་བསྒྱུར་གསར་གཏོད་དང་རང་འགུལ་གྱིས་ལས་དོན་སྒྲུབ་པ། ཁྱད་འཕགས་ཀྱི་ནུས་བ་འདོན་སྤེལ་བྱེད་པ། ཕན་ནུས་ཡོད་པའི་སྒོ་ནས་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་བྱས་ནས། རྩིས་བཤེར་བྱ་བའི་རིན་ཐང་སྔར་ལས་བཟང་བོར་མངོན་པར་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་སོགས་ཞིང་ཆེན་ཡུལ་ཤུལ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་རྩིས་བཤེར་ཚན་ཆུང་གི་གཅིག་བསྡུས་གཞུང་སྒྲུབ་བྱེད་ས་དང་རྩིས་བཤེར་ཐིན་གྱི་འབྲེལ་ཡོད་གཞུང་སྒྲུབ་ཁང་དུ་སོང་ནས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་སྲིད་འཛིན་ལས་དོན་སོགས་ཕྱོགས་ཀྱི་རྩིས་བཤེར་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་ལྟ་ཞིབ་གསལ་བོ་བྱས་པར་མ་ཟད། ལས་བྱེད་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་རྩིས་བཤེར་ཚན་ཆུང་ནས་ཧའོ་ཕིན་གྱིས་བསྟན་དོན། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཁྲོད། རྩིས་བཤེར་སྡེ་ཁག་གིས་བསྐྱར་འཛུགས་མ་དངུལ་དང་བསྐྱར་འཛུགས་ལས་གཞི་ལ་ཁྱོན་ཡོངས་ནས་རྗེས་འདེད་རྩིས་བཤེར་བྱས་པ་དང་། མ་དངུལ་ཐད་ཀྱི་དོ་དམ་ཚད་ལྡན་དུ་བཏང་བ་དང་བཟོ་སྐྲུན་གྱི་རྒྱུ་སྤུས་ཐད་ཤུགས་བསྣན་པ། མ་དངུལ་གཙང་བཤེར་བྱས་པ་སོགས་ཀྱི་ཕྱོགས་ནས་བྱ་བ་མང་པོ་བསྒྲུབས་ནས། ཕན་ནུས་ཡོད་པའི་སྒོ་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བདེ་ལེགས་ངང་སྤེལ་བར་སྐུལ་འདེད་བྱས། མིག་སྔར། ང་ཚོ་ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་རྗེས་མཐུད་བྱ་བའི་གནད་འགག་དུས་སྐབས་སུ་ཡོད་པས། རྩིས་བཤེར་སྡེ་ཁག་དང་རྩིས་བཤེར་བྱ་བ་སྒྲུབ་མཁན་ཚོས་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། བརྟན་བརླིང་ཡིན་པ་དང་ཕན་པ་ཡོད་ལ། མགོ་མཇུག་ཡོད་པའི་སྒོ་ནས་བསྐྱར་འཛུགས་ལས་གཞིའི་ལས་འགྲུབ་རྩིས་རྒྱག་རྩིས་བཤེར་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་ཚང་མ་ཡིད་ཚིམ་པའི་མཇུག་འབྲས་བཟང་བོ་ཞིག་ཡར་སྤྲོད་བྱེད་དགོས་ཟེར།

བཞུགས་མོལ་བྱེད་སྐབས། ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྩིས་བཤེར་སྡེ་ཁག་གིས་ཁྱོན་ཡོངས་ནས་ཁྲིམས་བཀོད་འགན་ནུས་ལག་བསྟར་བྱེད་པ་དང་། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་པ། སྲིད་གཙང་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཡིན་པའི་བྱ་བ་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་བྱས།

ཧའོ་ཕིན་གྱིས་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཀྱིས་རྩིས་བཤེར་བྱ་བར་སྔར་ལས་སེམས་ཁུར་དང་དོ་སྣང་བྱེད་པ་དང་། ནན་ཏན་གྱིས་རྩིས་བཤེར་བྱ་བའི་ཁྲོད་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇུག་དང་དེ་ཐག་གཅོད་བྱས་ནས། ནུས་ཤུགས་ཡོད་རྒུས་རྩིས་བཤེར་སྡེ་ཁག་གིས་ཁྲིམས་ལྟར་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

ལོ་ཡུས་ལིན་གྱིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་ལ་མགོ་འཛིན་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག