མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ཐད་ཡང་བསྐྱར་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་བཏང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་གྱིས་ཉེ་ལམ་མགོ་བརྩམས་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་རིམ་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་ལྷག་བཏང་བ་དང་། དེ་དུས་རིམ་དང་པོའི་བཟོ་སྐྲུན་ལས་ལྡབ་གཅིག་ལྷག་གིས་ཇེ་མང་དུ་སོང་ནས། ཆུ་ཚད་མཐོན་པོ་དང་རིམ་པ་མཐོན་པོའི་སྒོ་ནས་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་བྱ་བ་སྤེལ་རྒྱུ་རེད།

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་རྨིས་སྟོང་བཞི་ཡན་ཡིན་པ་དང་། སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དགུ་སྟོང་ལྔ་ཡོད་ལ། དེ་ནི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡིན་པས། ཀྲུང་ཧྭའི་ཆུ་གཏེར་དང་ཡཱ་གླིང་གི་ཆུ་གཏེར་ཞེས་བའི་མཚན་སྙན་ཐོབ་ཡོད། མིག་སྔར། གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་དང་པོའི་བཟོ་སྐྲུན་འཛུགས་སྐྲུན་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱས་ནས། འཆར་འགོད་དམིགས་འབེན་མངོན་འགྱུར་བྱུང་བར་མ་ཟད་གྲུབ་འབྲས་མངོན་གསལ་བླངས།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིས་ཞའོ་ནན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དུས་རིམ་གཉིས་པའི་བཟོ་སྐྲུན་ནི་དུས་རིམ་དང་པོའི་བཟོ་སྐྲུན་རྒྱུན་བསྲིངས་བ་དང་རྒྱ་བསྐྱེད་པ། རིམ་པ་སྤར་བ་དེ་ཡིན་པ་དང་། འཆར་འགོད་བསྡོམས་པས་སྐྱེ་ཁམས་སྲུང་སྐྱོབ་དང་། ཆ་སྡེབས་འཛུགས་སྐྲུན་དང་དེར་འདེགས་སྐྱོར་བྱེད་པའི་རིགས་ཆེན་པོ་གཉིས་ཀྱི་བཟོ་སྐྲུན་སྣ་ཉེར་བཞི་རུ་དབྱེ་ཡོད་པ་དང་། ཚོད་རྩིས་ལྟར་ན་སྤྱིའི་མ་དངུལ་གཏོང་ཚད་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་ལ་ཉེ་བ་དང་། དེའི་ཁྲོད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་བྱེ་བ་བརྒྱད་ས་ཡ་གསུམ་དང་། ནོར་སྲིད་ཀྱི་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུ་བྱེ་བ་བདུན་ས་ཡ་བཞི་བཏང་ཟེར།

དེ་ལས་གཞན། བཅོས་སྐྱོང་དམིགས་འབེན་ཁྲོད་ད་དུང་། གཙང་གསུམ་འབྱུང་ཡུལ་གྱི་ས་ཆུ་རྒྱུན་སྐྱོང་ནུས་བ་དང་ལྟག་ཆུ་སྐྱིལ་གསོག་ནུས་བ། རྨ་ཆུ་དང་འབྲི་ཆུའི་བཞུར་རྒྱུག་ཚད་ཀྱི་གཏན་འཇགས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ་དང་། གཤེར་སའི་སྐྱེ་ཁམས་མ་ལག་གི་གནས་བབ་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་བྱས་པ། རོང་འབྲོག་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་འགྲོ་བ། སྐྱེ་ཁམས་ཁ་གསབ་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་བོ་བྱེད་པ་བཅས་འདུ།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག