མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོང་རར་ཞིབ་བཤེར་བྱས་ཏེ་ལུགས་རྙིང་ལོ་སར་སྐབས་ཀྱི་དངོས་གོང་གཏན་འཇགས་ཡོང་བར་འགན་སྲུང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་གྱི་ལུགས་སྙིང་ལོ་སར་སྐབས་ཀྱི་ཚོང་རའི་དངོས་གོང་སྒྲིག་ལམ་ཚད་ལྡན་ཡོང་བ་དང་། སྤྱིའི་དངོས་གོང་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་པ། ལུགས་རྙིང་ལོ་སར་སྐབས་ཀྱི་ཚོང་རའི་རིན་གོང་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པ་བཅས་ཀྱི་ཆེད་དུ། ཟླ་གཉིས་པའི་ཚེས་བཞིའི་ཉིན། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ཟས་རིགས་མཁོ་འདོན་གནས་ཚུལ་དང་ཚོང་རའི་རིན་གོང་ལ་ཞིབ་བཤེར་བྱས།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་གནམ་གཤིས་སྲང་ལམ་གྱི་ཞིང་ལས་ཉོ་ཚོང་ཚོང་ར་དང་། མའོ་ཅཱ་སྲང་ལམ་གྱི་ཞིང་ལས་ཉོ་ཚོང་ཚོང་ར། པེ་ཅིན་ཧྭ་ལེན་རང་འདེམ་ཚོང་རའི་ལྡུམ་རའི་ལྷོ་ལམ་གྱི་ཡན་ལག་ཁང་སོགས་སུ་སོང་སྟེ། གཙོ་བོ་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་ཟབ་མོ་ཡོད་པའི་འབྲུ་སྣུམ་དང་། ཤ བྱ་སྒོང་། འོ་མ། སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་ཀྱི་མཁོ་འདོན་དང་རིན་གོང་འཕེལ་འགྲིབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཚོང་རའི་རིན་གོང་གསལ་འགོད་དང་སྡེབ་སིལ་གྱི་ཁྱད་པར་གསལ་སྒྲོག་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། ཞིབ་བཤེར་གྱི་གྲུབ་འབྲས་ལ་བལྟས་ན། གྲོང་ཁྱེར་གྱི་དུས་ཆེན་སྐབས་ཀྱི་ཚོང་རའི་ཚོང་རྫས་མཁོ་འདོན་འདང་བ་དང་། སྤྱིའི་རིན་གོང་གཏན་འཇགས་ཡིན་ལ། ཚོང་བ་མང་བོ་ཞིག་གིས་གཏན་འཁེལ་ལྟར་རིན་གོང་གསལ་འགོད་བྱས་ཡོད།

མཁོ་འདོན་དང་དངོས་གོང་གཏན་འཇགས་ཡོང་བར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔོ་ཚལ་དང་ཤ་རིགས་སྐྱེལ་འདྲེན་བྱེད་པར་རྩ་འཛུགས་གང་ལེགས་བྱས་ཤིང་། སྡེབ་སིལ་ལ་ཁྱད་པར་མེད་པར་ཚོད་འཛིན་ནན་མོ་བྱེད་པ་དང་། ཆེས་མཐོའི་སིལ་འཚོང་རིན་གོང་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་དེ་ནུས་པ་ཆེན་པོ་བཏོན་ཡོད། ཞོར་དུ་རིན་གོང་སྙོམས་སྒྲིག་ཐེབས་རྩ་བཏང་ནས་ཚོང་བར་དངོས་གོང་བར་ཁྱད་དང་ཚོང་བཤམས་སའི་ཁ་གསབ་མ་དངུལ་བྱིན། མའོ་ཅཱ་སྲང་ལམ་གྱི་ཚོང་རའི་སྔོ་ཚལ་དང་ཤ་རིགས་འཚོང་ས་རེ་རེར་ཟླ་རེར་སོ་སོར་ཁ་གསབ་མ་དངུལ་སྒོར་བཞི་བརྒྱ་དང་སུམ་བརྒྱ་ཐོབ་ཐུབ།

རྟོག་ཞིབ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་རིམ་པ་སོ་སོའི་གཙོ་གཉེར་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛུབ་སྟོན་ལྟར་དུ། དུས་ཆེན་སྐབས་ཀྱི་ཟས་རིགས་ཚོང་རའི་མཁོ་འདོན་དང་རིན་གོང་འཕེལ་འགྲིབ་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་པར་ཤུགས་སྣོན་བྱས་ཤིང་། ཚོང་རའི་རིན་གོང་ལ་ཞིབ་བཤེར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། མང་ཚོགས་ཀྱིས་སྤྲོ་སྐྱིད་ལྡན་པའི་ལུགས་རྙིང་ལོ་སར་ལ་རོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། ཞོར་དུ་ད་རུང་ལོ་རེའི་ལུགས་རྙིང་ལོ་སར་གྱི་རྗེས་སུ་སྔོ་ཚལ་དཀོན་པའི་སྣང་ཚུལ་འབྱུང་སྲིད་པས། འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ས་གནས་གཞན་ནས་སྔོ་ཚལ་སྐྱེལ་འདྲེན་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག