མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ལས་ཁུངས་དང་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་སུ་སོང་ནས་ལས་གནས་བརྟན་སྲུང་བྱེད་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-01 13:37

    ཀྲུང་གོའི་བོད་ཀྱི་དྲ་བིའ་འཕྲིན། ལོ་སར་ཚེས་གཅིག་ཉིན་མི་ཚང་མ་དུས་ཆེན་གྱི་དགའ་སྟོན་ལ་རོལ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཞིན་ཧེ་ལམ་གྱི་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ལས་ཁུངས་དང་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་ཟི་རུ་སོང་ནས། དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱེད་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མཁན་དང་འཛུགས་སྐྲུན་མཁན་ལ་ལོ་སར་གྱི་རྟེན་འབྲེལ་ཞུས།

    ཞོགས་པར་ཞིན་ཧེ་ལམ་དུ་ལམ་འགྲོ་བ་ཉུང་ཞིང་། ཁོར་ཡུག་གཙང་སྦྲ་བྱེད་མཁན་དག་གིས་སྔ་མོ་ནས་ཉིན་གཅིག་གི་བྱ་བའི་མགོ་བརྩམས་ཡོད། ལོ་ཧོས་ཉིན་གྱིས་ཁོར་ཡུག་གཙང་སྦྲ་བྱེད་མཁན་ལ་ལག་འཇུ་བྱས་ཏེ་བཤད་རྒྱུར། ཁྱོད་ཚོས་དཀའ་སྤྱད་ཀྱིས་བྱ་བ་བསྒྲུབས་པར་བཀའ་དྲིན་ཆེ། ཚང་མས་དཀའ་སྡུག་མྱངས་སོང་། ང་ཚོས་ཚང་མར་ལོ་སར་གྱི་རྟེན་འབྲེལ་ཞུས་པ་ཡིན་ཟེར། དེའི་རྗེས་སུ་ཁོས་ལས་བཟོ་བ་ཝང་ཀྲོན་ཞཱ་དང་མཉམ་དུ་གཙང་དག་ལྕགས་རྟ་འདེད་ཞོར་ཁ་བརྡ་བྱས། ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ལས་ཁུངས་སུ་འབྱོར་རྗེས། ལོ་ཧོས་ཉིན་གྱིས་ལས་བཟོ་བ་རྣམས་ཀྱི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་མོར་དྲིས་པ་དང་། ཚང་མའི་ཁོར་ཡུག་གཙང་སྦྲ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོས་བཤད་རྒྱུར། ཁོར་ཡུག་གཙང་སྦྲ་བྱེད་མཁན་ནི་གྲོང་ཁྱེར་གྱི་མཛེས་བཟོ་མཁན་ལྟ་བུ་ཡིན་ཞིང་། མདང་དགོང་ལོ་གསར་བར་བསུ་བ་བྱེད་པའི་ཆེད་དུ་ཚང་མས་ཤོག་སྦག་བརྒྱབ་པས་གད་སྙིགས་མང་བོ་ཡོད། ཕྱི་རོལ་དུ་གྲང་ངར་ཆེ་ཡང་ཁྱོད་ཚོས་སྐྱ་རེངས་མ་བཀྱག་གོང་ནས་གཙང་དག་བྱེད་མགོ་བརྩམས། ལོ་བཅུ་ནས་ཉི་ཤུ་ཉིན་གཅིག་ལྟར་དུ་དཀའ་སྤྱད་ཀྱིས་བྱ་བ་སྒྲུབ་པ་ནི་ལས་སླ་མོ་ཞིག་མ་ཡིན་པས། ངས་ཁྱོད་ཚོའི་ལས་བཀུར་སྙིང་སྟོབས་ལ་དགའ་མགུ་ཡི་རངས་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་གཙང་སྦྲ་བྱེད་མཁན་ལ་བརྩི་མཐོང་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་སུ་གཏོང་བའི་ཞོར་དུ་ཁོ་ཚོའི་ཡོང་འབབ་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་ལ། ཁེ་དབང་སྣ་ཚོགས་ལ་འགན་སྲུང་བྱས་ཏེ་ཚང་མར་སེམས་བདེ་མོས་བྱ་བ་བསྒྲུབ་ཏུ་འཇུག་དགོས་ཟེར། གནས་དེ་དང་མ་བྲལ་གོང་ལོ་ཧོས་ཉིན་གྱིས་སྤྲོ་བ་ཆེན་པོས་ཁོར་ཡུག་གཙང་སྦྲ་བྱེད་མཁན་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས།

    སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་བའི་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཀུང་ཟིའི་ཏུན་སོ་ལྔའི་དམིགས་བསལ་རྣོ་ལྕགས་ཀྱི་ལས་གཞི་ནི་རྗེས་ལུས་འདོར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། རྣམ་པ་བསྒྱུར་བའི་ལས་གཞི་གཙོ་བོ་ཞིག་ཡིན་པ་དང་། ཟླ་ངོ་བདུན་ལ་འཛུགས་སྐྲུན་བྱས་པ་བརྒྱུད་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱེད་མགོ་བརྩམས་ཡོད་ལ། དེ་ལས་དེང་རབས་ཅན་གྱི་དམིགས་བསལ་རྣོ་ལྕགས་ཁེ་ལས་ཀྱི་གསོན་ཤུགས་མངོན་ཡོད། ལོ་ཧོས་ཉིན་ལས་གནས་བརྟན་སྲུང་བྱེད་པའི་བཟོ་བའི་ཁྲོད་དུ་སོང་ནས་ལོ་སར་གྱི་རྟེན་འབྲེལ་ཞུས་པ་དང་ཚང་མ་དང་མཉམ་དུ་ཁ་བརྡ་བྱས། ཁོས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་རྟོག་ཞིབ་བྱས་པ་དང་། སྒྲིག་ཆས་ལག་རྩལ་དང་ཐོན་སྐྱེད་བརྒྱུད་རིམ། མ་རྩའི་ཕན་འབྲས་སོགས་གནས་ཚུལ་ཞིབ་མོར་དྲིས་པར་མ་ཟད། ཁེ་ལས་ཀྱི་འགན་ཁུར་བ་དང་ལག་རྩལ་མི་སྣ། ལས་གནས་དང་པོའི་ལས་བཟོ་བ་བཅས་དང་མཉམ་དུ་བཞུགས་མོལ་བྱས། ལོ་ཧོས་ཉིན་གྱིས་བཤད་རྒྱུར། ཟི་ལིང་དམིགས་བསལ་རྣོ་ལྕགས་ལ་བཅོས་བསྒྱུར་ཐེངས་གཉིས་བྱས་རྗེས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསླེབས་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཆས་དང་ཐོན་སྐྱེད་རྒྱུ་སྤུས། ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། བདག་གཉེར་དོ་དམ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཤེས་ལྡན་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཁེ་ལས་ཀྱི་འཕེལ་སྟངས་བསྒྱུར་བར་ཡར་སྐུལ་བྱས་ཏེ། བཅོས་བསྒྱུར་ཐེངས་གསུམ་པ་མངོན་འགྱུར་བྱུང་ནས། ཟི་ལིང་དམིགས་བསལ་རྣོ་ལྕགས་དེ་ཀྲུང་གོའི་དམིགས་བསལ་རྣོ་ལྕགས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་ཆེན་པོ་བྱེད་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག