ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སློབ་གསོ་ཐིན་གྱིས2014ལོའི་དཔྱིད་ཀའི་སློབ་སྐབས་སུ་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་ལ་རིན་མེད་སྒོས་རྒྱ་ཡིག་དང་བོད་ཡིག་སོགས་ཡིག་རིགས་ཀྱི་དཔེ་དེབ་ཁྲི58.6མཁོ་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེས་ཞིང་སྡེ་དང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི58.6ལ་ཕན་ཁེ་བསྐྲུན་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། 2013ལོར་མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི6389བཏང་ནས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི60ལྷག་ལ་རིན་མེད་སྒོས་དཔེ་དེབ་བྱིན། 2014ལོའི་ལོ་ཧྲིལ་བོར་མ་དངུལ་སྒོར་ཁྲི6400བཏང་ནས་དཔྱིད་ཀའི་སློབ་སྐབས་ཁོ་ནར་རིན་གོང་སྒོར་ཁྲི3372ཡི་དཔེ་དེབ་སྟེར་རྒྱུ་ཡིན་པ་དང་། དེས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི58.6ལ་ཕན་ཁེ་བསྐྲུན་རྒྱུ་རེད། རིན་མེད་དཔེ་དེབ་ཁྲོད་སྐད་ཡིག་དང་རྩིས་རིག རོལ་དབྱངས། མཛེས་རིས། དབྱིན་ཡིག ས་ཁམས། སྐྱེ་དངོས། དངོས་ལུགས། རྫས་འགྱུར་སོགས་ཀྱི་དཔེ་དེབ་འདུས་ཡོད། །