མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཚེས20ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཅུའུ་ཁི་ཀྲུང་དང་། ལིས་ཀྲུང་། ཀླུ་རྒྱལ། སྒོམ་སྐྱིད། ཝང་ཀྲན་ཧྭ། ཤ་བོ་ཀུན་སྐྱིད་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། འཐུས་མི་ཀླུ་རྒྱལ་གྱིས་སྡེ་བ་དག་ཐེར་ཡར་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཞོར་དུ། སྟོབས་ཤུགས་མང་པོ་དབུལ་སྐྱོར་བྱ་བ་དར་སྤེལ་དུ་གཏོང་བའི་ཐད་ལ་འཇོག་དགོས་པའི་གྲོས་གཞི་བཏོན། ཧའོ་ཕིན་གྱིས་བཤད་རྒྱུར། ད་ལོར་ང་ཚོས་རྫོང་རིམ་པའི་སྲིད་གཞུང་གི་ནུས་ཤུགས་གཙོ་བོ་འདོན་སྤེལ་བྱེད་པ་དང་། རྫོང་གཅིག་ལ་སྲིད་ཇུས་གཅིག་དང་། ཁྱིམ་ཚང་གཅིག་ལ་རྣམ་པ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། དབུལ་སྐྱོར་གསར་སྤེལ་གྱི་ཕན་ནུས་རང་བཞིན་ཇེ་མཐོར་གཏོང་རྩིས་ཡོད་ཟེར།

འཐུས་མི་ལིས་ཀྲུང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ནས་སྔར་ལས་དམིགས་བསལ་ཆེ་བའི་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ལས་ཀར་ཞུགས་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན། ཧའོ་ཕིན་གྱིས་བཤད་རྒྱུར། ད་ལོར་ཞིང་ཆེན་ཡོངས་ནས་མཐར་ཕྱིན་སློབ་མ་སྟོང་དྲུག་བསྡུ་བརྩིས་ཡོད་པས། རྫོང་སོ་སོས་འབྲེལ་ཡོད་རྨང་གཞིའི་བྱ་བ་བཟང་བོར་སྒྲུབ་ནས། མཐོ་རིམ་སློབ་མཐར་ཕྱིན་པའི་སློབ་མ་དང་ནང་སྒོས་སུ་བོད་ཁུལ་གྱི་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ལས་ཀར་ཞུགས་པའི་གནས་ཚུལ་ལ་སྔར་ལས་ཞིབ་བཤེར་བྱེད་དགོས་པ་དང་། ཚང་མས་མཉམ་དུ་ལག་བསྟར་བྱེད་ཆོག་པའི་གྲོས་གཞི་འདོན་དགོས་ཟེར།

ཧའོ་ཕིན་གྱིས་གཏམ་བཤད་པའི་ཁྲོད་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཁོས་བཤད་རྒྱུར། ན་ནིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ནང་སྒོས་སུ་སྤྱི་ཚོགས་བརྟན་འཇགས་ཐད་ནས་ཞིང་ཆེན་ཡོངས་ལ་གྲུབ་འབྲས་གལ་ཆེན་བཞག་ཟེར། ཁོས་ནན་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ལས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཡར་སྐུལ་བྱེད་དགོས་ཞེས་བསྟན་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྨ་ལྷོའི་འཕེལ་རྒྱས་བྱ་བ་དེ་འབུར་ཐོན་གོ་གནས་སུ་བཞག་ནས། ལས་གཞི་དང་མ་དངུལ། སྲིད་ཇུས་སོགས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྨ་ལྷོ་ཁུལ་གྱི་འཕེལ་རྒྱས་དང་། ས་ཁུལ་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་པས། རྨ་ལྷོ་ཁུལ་གྱིས་ཀྱང་འབད་བརྩོན་ལྷོད་མེད་དང་། རང་སྟོབས་རང་སྤེལ། གོ་སྐབས་དམ་འཛིན་དང་། ཁྱད་སྟོབས་འདོན་སྤེལ་བྱེད་དགོས་པ་དང་། བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། རྒྱུན་ཆད་མེད་པར་རང་སྟེང་གི་འཕེལ་རྒྱས་ནུས་པ་འདོན་སྤེལ་བྱེད་དགོས། གཅིག་ནས་སྟོབས་ཤུགས་ཡོད་རྒུས་འཕེལ་རྒྱས་དམ་འཛིན་བྱེད་དགོས་པ་དང་། ནང་སྒོས་སུ་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་དགོས། གཉིས་ནས་སྟོབས་ཤུགས་ཡོད་རྒུས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས། གསུམ་ནས་སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་བྱ་བ་དམ་འཛིན་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་དགོས། བཞི་ནས་སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་ཡར་སྐུལ་བྱ་བ་དམ་འཛིན་བྱས་ནས། བཅོས་སྒྱུར་གསར་སྐྲུན་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ནམ་ཡིན་ཡང་བརྟན་འཇགས་བྱ་བ་དེ་བྱ་བ་ཡོངས་ཀྱི་རྨང་གཞི་གཙོ་བོར་བཞག་ནས་བཟང་བོར་སྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག