མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 12:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཚེས18ཉིན་གྱི་ཕྱི་དྲོར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་སློབ་གསོའི་ཚན་ཁག་དང་། སྨན་རྫས་འཕྲོད་བསྟེན་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་བཅས་མཉམ་འབྲེལ་ཚན་ཁག་གི་གྲོས་བསྡུར་ལ་ཞུགས། ལོ་ཧོས་ཉིན་གྱིས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བ་དེ་གོ་གནས་འབུར་ཐོན་དུ་བཞག་ནས་དམ་འཛིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་སའི་ཁོངས་འཚོལ་ཞིབ་བྱས་ཏེ། བཅོས་སྒྱུར་གྱི་བསམ་བློས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བར་ཡར་སྐུལ་བྱས་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་དགོས་ཞེས་བཤད།

མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུའི་སྟེང་། མཱ་ཏི་མེན་དང་། ཅའོ་དཔོན་ཡུས། ཚའོ་ཧྲིན་རོས། ཞའོ་ཅན་ཅོན། ཞུའུ་ཚུན་ཧི། ཀྲང་ཧུང་ཝུའུ་སོགས་ཨུ་ཡོན་གྱིས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་གནད་དོན་ཐད་ནས་གཅིག་རྗེས་གཉིས་མཐུད་དུ་གཏམ་བཤད།

ཚང་མས་གཏམ་བཤད་པར་ཉན་རྗེས། ལོ་ཧོས་ཉིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཐད་ལ་བཏང་བའི་མ་དངུལ་གྱིས་ནོར་སྲིད་སྤྱིའི་འགྲོ་སོང་གི་བརྒྱ་ཆའི་དོན་ལྔ་ལྷག་ཟིན་ལ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ལས་དོན་སྣ་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཚད་གཞི་ཁ་ཤས་ནུབ་རྒྱུད་ས་ཁུལ་དང་ཐ་ན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསླེབས། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། མང་ཚོགས་ལ་ཁེ་ཕན་ཐོབ་ནས ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཟེར།

ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་སྤྱིའི་ཆུ་ཚད་ད་རུང་མཐོན་པོ་མིན་ཞེས་བསྟན་པ་དང་། ཁོས་ཨུ་ཡོན་རྣམས་དང་མཉམ་དུ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཁྱབ་ཁོངས་ཐད་བྱུང་བའི་གནས་ཚུལ་གསར་བ་དང་འགྱུར་ལྡོག་གསར་བར་དབྱེ་ཞིབ་བྱས། ལོ་ཧོས་ཉིན་གྱིས་བཤད་རྒྱུར། ང་ཚོས་ཡུན་རིང་བོར་ཐག་གཅོད་དགོས་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་གནད་དོན་ཐག་གཅོད་པར་དོ་སྣང་བྱེད་དགོས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ། ཟས་རིགས་ཐོན་རྫས་དང་སྨན་རྫས་ཀྱི་བདེ་འཇགས། རིག་གནས་འཛད་སྤྱོད་དང་དངོས་གོང་ཚོད་འཛིན་སོགས་ཐད་ཀྱི་རེ་བ་གསར་བ་ཡང་ཤེས་པར་བྱེད་དགོས། ང་ཚོས་ངེས་པར་དུ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བ་དེ་འབུར་ཐོན་གོ་གནས་སུ་བཞག་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅོས་སྒྱུར་གྱི་འདུ་ཤེས་དེ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བའི་ཁྲོད་དུ་ལག་ལེན་བྱས་ཏེ་། སྲིད་གཞུང་གི་གཙོ་ཁྲིད་ཀྱི་ནུས་པ་མུ་མཐུད་དུ་འདོན་པའི་ཞོར་དུ། རིགས་སོ་སོའི་མང་ཚོགས་ཀྱི་གསར་གཏོད་ཀྱི་བརྩོན་སེམས་འདོན་སྤེལ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཁྱབ་ཁོངས་སུ་བཀོལ་ཏེ། དམངས་འཚོའི་འགན་སྲུང་དེ་སྔར་ལས་འདྲ་མཉམ་ཡོང་བར་བྱེད་དགོས་ཟེར། 

ལོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་འདས་པའི་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལོ་གསར་བའི་ནང་དུ། མུ་མཐུད་དུ་ཁྱད་སྟོབས་བཟང་བོ་འདོན་སྤེལ་བྱེད་པ་དང་། རྟོག་ཞིབ་བྱ་བར་སྔར་ལས་ཤུགས་བསྣན་ནས། ཏང་དང་སྲིད་གཞུང་གི་ཚན་རིག་ཇུས་ཆོད་ལ་བློ་འདོན་ཇུས་འབུལ་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག