མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མེན་གྱིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་ཏུ་འཚམས་འདྲིར་ཕྱིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས17ཉིན་ནས་ཚེས23ཉིན་བར། ཨ་་མེ་རི་ཁའི་ཡོ་ཐཱ་ཁུལ་སྲིད་གཞུང་དང་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གདན་དྲངས་བ་ལྟར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་ཏུ་མཛའ་བརྩེའི་འཚམས་འདྲི་བྱས།

འཚམས་འདྲིའི་སྐབས་སུ། འཐུས་ཚབ་ཚོགས་པ་ཨ་མེ་རི་ཁའི་པའོ་ཐུང་ཀུང་ཟི་དང་། ཁོ་ལོམ་པི་ཡའི་རྒྱང་སྒྲོག་ཀུང་ཟི། ཧན་གོའི་རྒྱང་སྒྲོག་ཀུང་ཟི་བཅས་སུ་ལྟ་སྐོར་དུ་སོང་ནས། ཡུལ་དངོས་ནས་རྒྱལ་ཁབ་གཉིས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་དོ་དམ་འཁོར་སྐྱོད་དང་ལེ་ཚན་བཟོ་སྒྲིག རྒྱང་སྒྲོག་བརྙན་འཕྲིན་ལག་རྩལ། སྨན་བྱད་གསར་བའི་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། འཐུས་ཚབ་ཚོགས་པ་ཡོ་ཐཱ་ཁུལ་དུ་སོང་ནས་གྲོས་ཞུགས་མི་སྣ་ཅིན· ཏེ་ཝེ་སི་དང་གླེང་མོལ་བྱས། ཀྲང་ཅན་མེན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་པར་མ་ཟད། མཚོ་སྔོན་དང་ཡོ་ཐཱ་ཁུལ་བར་གྱི་གྲོགས་པོའི་ཞིང་ཆེན་དང་ཁུལ་གྱི་འབྲེལ་བ་དང་རིག་གནས་དང་ཡུལ་སྐོར། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱུའི་ཕུགས་འདུན་བསྟན། ཅིན.ཏེ་ཝེ་སི་ཡིས་ཡོ་ཐཱ་ཁུལ་དང་མཚོ་སྔོན་བར་གྱི་རྗེས་ཕྱོགས་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཕན་ཚུན་བར་གྱི་མཛའ་བརྩེ་གྲོགས་པོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་རྒྱུའི་ཚུལ་བསྟན།

ཧན་གོར་འཚམས་འདྲི་བྱེད་སྐབས། ཀྲང་ཅན་མེན་གྱིས་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཅིན་ཁོས་ཞན་དང་ཐུག་འཕྲད་བྱས། ཀྲང་ཅན་མེན་གྱིས་བསྟན་དོན། ལོ་མང་བོའི་རིང་ལ། མཚོ་སྔོན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ནས་དངོས་དོན་མཉམ་ལས་གཏིང་ཟབ་སྤེལ་བ་དང་། རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ལས་རིགས་ཐད་ནས་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀས་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་ནས། མུ་མཐུད་དུ་མཛའ་བརྩེ་གྲོགས་པོའི་འབྲེལ་བར་ཤུགས་སྣོན་རྒྱུའི་རེ་བ་བཏོན། ཅིན་ཁོས་ཞན་གྱིས་རྗེས་ཕྱོགས་རྒྱལ་ཁབ་དང་ས་གནས་རིམ་པ་གཉིས་ཀའི་སྟེང་ནས་མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་འབྲེལ་བར་ཤུགས་སྣོན་རྒྱུའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག