ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས23ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པའི་ཞོར་དུ། སྨན་བཅོས་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་དངོས་འབེབས་བྱེད་པར་དམིགས་ནས། གཞི་རིམ་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མི་རེའི་དངུལ་བསྡུའི་ཚད་གཞི་དང་སྨན་རིན་གཞུང་གིས་སྟེར་བའི་བསྡུར་ཚད་ཇེ་མཐོར་བཏང་བ་དང་། སྨན་བཅོས་བཅོས་སྒྱུར་འགན་སྲུང་དུ་ཞུགས་ཚད་རྒྱ་བསྐྱེད་པ། ནད་ལྗིད་མོའི་སྨན་བཅོས་འགན་སྲུང་བྱེད་པའི་ཆུ་ཚད་དང་སྒོ་བསྟེན་སྨན་ཁང་གི་སྤྱིའི་མ་དངུལ་སྤྲོད་པ་དང་ནད་ཡང་མོ་སྟོན་པའི་དངུལ་སྤྲོད་ལམ་ལུགས་ཚད་ལྡན་དུ་གཏོང་བ་སོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། །