མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མདོག་གི་སྐྱེ་ཁམས་ནི་པད་མ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་རུ་གྱུར་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-12-25 11:31

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་བའི་ལོ་འདི་འགར། “མགོ་ལོག་གི་ཅང་ནན་ཆུང་བ”ཞེས་པའི་བསྔགས་ཡུལ་དུ་གྱུར་ཡོད་པའི་པད་མ་རྫོང་གིས་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་མཉམ་དུ། ནུས་ཤུགས་ཡོད་རྒུས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཐོན་ལས་དང་ནགས་ལས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་ལྗང་བསྒྱུར་བྱས་པས།རིམ་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས།དམངས་འཚོ་ཇེ་ལེགས་བཅས་ཀྱིས“ཟུང་ཁེ”བྱུང་བའི་ལམ་དུ་ཞུགས་པ་དང་།གཙང་གསུམ་འབྱུང་ཡུལ་ལྟེ་གནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་བཞག

    པད་མ་རྫོང་ལ་ཞིང་ཆེན་ནང་ཁུལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ནགས་ཚལ་ཡོད་པ་དང་། རང་ཞིང་གི་གསེར་གཏེར་མང་བའི་རྫོང་ཆེན་ཞིག་ཡིན་པས། ནགས་ཤིང་དང་གསེར་བྱེ་ཐོན་ཁུངས་ཀྱིས་གནས་འདི་རུ་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་བསྐྲུན་ཡོད། པད་མ་རྫོང་ཡང་སྔོན་ཆད་དབུལ་བོ་ཡིན་ཏེ། ཚད་ལས་བརྒལ་བའི་སྒོ་ནས་ཐོན་ཁུངས་གསར་སྤེལ་བྱེད་པ་དེས་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ངན་དུ་གྱུར་བ་དང་རོང་འབྲོག་པ་མང་ཚོགས་ཀྱི་འཚོ་བར་དཀའ་ཁག་བཟོས་པས། སྐབས་ཤིག་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཆེས་རྗེས་ལུས་ཡིན་པའི་ས་ཁུལ་དུ་གྱུར། དབུལ་བོ་དང་ཕྱུག་པོའི་རྟོག་དཔྱོད་ཁྲོད། པད་མ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། རྫོང་གི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་ཟིན་ཚད་གཏིང་ཟབ་ཏུ་གཏོང་བ། རྫོང་ཁོངས་ཀྱི་ས་གཤིས་ཁོར་ཡུག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ། མྱུར་དུ་འཕེལ་རྒྱས་སུ་གཏོང་སྟངས་བསྒྱུར་བ་དང་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པའི་མཛུབ་སྟོན་བསམ་བློ་བཏོན།

    བསམ་བློ་འདི་གཙོ་བོར་ཉེ་བའི་ལོ་འདི་འགའི་རིང་པད་མ་རྫོང་གིས་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བའི་སྟེང་དུ་མཚོན་ཡོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་དང་ཕྱུགས་བསྐྱུར་རྩྭ་སྐྱོང་བཟོ་འགོད་གཉིས་དེ་རྫོང་ཡོངས་ཀྱི“ཆེས་གལ་ཆེ་བའི”བཟོ་འགོད་དུ་བརྩིས་ཏེ། རྫོང་དང་ཤང་རིམ་པ་གཉིས་ཀྱི་སྲིད་གཞུང་དམིགས་འབེན་འགན་འཁྲི་ལམ་ལུགས་བཙུགས་པ་དང་། ཕྱུགས་བསྐྱུར་ནགས་སྐྱོང་།ས་ནག་ཐང་བཅོས་སྐྱོང་།ཨ་བྲ་འགོག་བཅོས།འཛུགས་སྐྲུན་གསོ་སྤེལ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ།གཏོར་བརླག་ཐེབས་པའི་ས་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་རིམ་གྱིས་སླར་གསོ་དང་ལེགས་བཅོས་འབྱུང་བཞིན་པའི་སྒང་ཡིན་ལ། སྔོན་ཆད་ཀྱི་གཏེར་ཁུལ་དུ་སྔོ་ཁེབས་ཚད90%དང་། ནགས་ཀྱི་ཁེབས་ཚད་སྔོན་ཆད་ཀྱི20%མི་ལོངས་པ་ནས་ད་ལྟའི36.3%ལ་བསླེབས་ཡོད།མཁར་གྲོང་གི་ལྗང་བསྒྱུར་ཚད་ནི་ཞིང་ཆེན་ཡོངས་ཀྱི་རྫོང་ནང་གི་ཨང་དང་པོ་ཡིན་པས།ལྗང་མདོག་འཕེལ་རྒྱས་ཐད་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད།

    ཉེ་བའི་ལོ་འདི་འགར། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བསྟུད་མར་ཐོན་ཁུངས་ཧྲག་སྡེབ་དང་སྔོག་འདོན་བྱས་ཏེ། གནས་སྐོར་ལས་རིགས་ཀྱི་ཆ་སྡེབ་ཞབས་ཞུ་བྱེད་ནུས་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ཞིང་། ཁྱད་ཆོས་འབུར་དུ་ཐོན་ཞིང་སྒྲིག་བཀོད་ཆ་ཚང་བ། སྤུས་ཀ་མཐོ་བ་བཅས་ཡིན་པའི་སྐྱེ་ཁམས་ངལ་གསོ་གནས་སྐོར་ཐོན་རྫས་སྐོར་ཞིག་བཟོས་པ་དང་། “མདོག་གསུམ་པད་མའི”གནས་སྐོར་དྲིལ་བསྒྲགས་བཏོན་པ་སྟེ། ལྗང་མདོག་གི་སྨར་ཁོག་ཆུ་བོའི་གདོད་མའི་ནགས་ཚལ་གྱི་སྐྱེ་ཁམས་གནས་སྐོར་དང་། དམར་མདོག་གི་དམར་དམག་ལུང་བའི་ཡུལ་ལྗོངས་གནས་སྐོར(ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིའི་མིང་བཏགས་ཡོད)གསེར་མདོག་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པའི་ཐོན་ཁུངས་བཅས་ཡིན། རང་བྱུང་གི་རིག་གནས་གནས་སྐོར་གཙོ་ཡིན་པའི་ཐོན་ལས་གསུམ་པ་ཤུགས་ཆེན་པོས་ཇེ་ཆེ་དང་ཇེ་དྲག་ཏུ་བཏང་ནས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་བཏང་བ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག