མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱི2014ལོའི་བོད་ཤིང་ཕོ་རྟ་ལོའི་ལོ་སར་དགོང་ཚོགས«དཔྱིད་དཔལ་གསར་བའི་རེ་སྨོན»ཕབ་སྐྲུན་བྱས་ཚར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:45

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་རེར་ཐེངས་རེའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་ཏེ2014ལོའི་བོད་ཤིང་ཕོ་རྟ་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོ«དཔྱིད་དཔལ་གསར་བའི་རེ་སྨོན»ཞེས་པ་དེ2013ལོའི་ཟླ12པའི་ཆེས20ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་ཁྲབ་སྟོན་བྱས་ཏེ་ཕབ་སྐྲུན་ལེགས་འགྲུབ་བྱུང་།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ། ཞིང་ཆེན་དམག་ཁུལ་གྱི་སི་ལེན་ཡོན་གཞོན་པ་ངག་དབང་བསོད་ནམས། བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ་སོགས་འགོ་ཁྲིད་བློ་མཐུན་འཁྲབ་སྟོན་ཡུལ་དངོས་སུ་ཕེབས་ནས་འཁྲབ་སྟོན་ལ་གཟིགས།

མཚོ་སྔོན་ཞིང་ཆེན་ཁྲབ་རྩལ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ། དེ་མིན་བོད་ལྗོངས་དང་ཟི་ཁྲོན། ཀན་སུའུ། ཡོན་ནན། པེ་ཅིན་སོགས་ཞིང་ལྗོངས་དང་གྲོང་ཁྱེར་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་དག་གིས་སོ་སོར་གཙོ་ཕལ་འཁྲབ་ཡུལ་གཉིས་ནས་གླུ་དབྱངས་དང་གར། ཟློས་གར། ཁ་ཤགས། རྡུང་ལེན། དམངས་གླུ། རྩེད་རིག་སོགས་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་ལ། བལྟས་ན་མིག་གི་དགའ་སྟོན་དང་ཉན་ན་རྣ་བའི་གསོས་སུ་འཇོ་བའི་ལེ་ཚན་མང་པོ་རྒྱ་ཆེའི་ལྟད་མོ་བ་དང་ཉན་མཁན་རྣམ་པར་གནམ་ལོ་གསར་བའི་ལེགས་སྐྱེས་སུ་ཕུལ་ཡོད།

ཐེངས་འདིའི་ལོ་སར་དགོང་ཚོགས་ལ། ནང་དོན་གྱི་ཐད་ནས་བོད་རིགས་མང་ཚོགས་ཀྱིས་གནམ་ལོ་གསར་བར་རོལ་བའི་སྤྲོ་སྐྱིད་ཀྱི་རྣམ་པ་གང་ལེགས་སྒོས་མཚོན་ཡོད་པ་དང་དེ་དང་མཉམ་དུ་བོད་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏེ། སྤོབས་པ་ཆེར་སྐྱེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་མདུན་དུ་སྐྱོད་བཞིན་པ་མངོན་པར་མཚོན་ཡོད་ལ། ལེ་ཚན་གྱི་རྣམ་པའི་སྟེང་ནས་རྒྱུད་འཛིན་དང་གསར་རྩོམ་ཟུང་དུ་སྦྲེལ་ཏེ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་དུས་རབས་ཀྱི་སྙིང་སྟོབས་མངོན་པར་གསལ་ལ། སྤྲོ་སྐྱིད་ཀྱི་སྣང་ཚུལ་གང་སར་རྒྱས་པའི་རང་ཚུགས་སྲུང་འཛིན་བྱས་ནས། «རྫོགས་ལྡན་དཔྱིད་ཀྱི་རེ་སྨོན»དང«མཛེས་སྡུག་དབྱར་གྱི་ལང་ཚོ»«གསེར་ལྡན་སྟོན་གྱི་ལང་ཚོ»«རབ་དཀར་དགུན་གྱི་མཛེས་སྡུག»ཚན་པ་བཞི་ལས་གྲུབ་ཡོད།

བལྟས་ན་མིག་གི་དགའ་སྟོན་དང་ཉན་ན་རྣ་བའི་བདུད་རྩིར་གྱུར་བའི་དགོང་ཚོགས་ཧྲིལ་བོ་ལྟད་མོ་བ་རྣམས་ཀྱི་ཐལ་མོ་ལྡེབ་སྒྲས་ཁྲོད་ནས་བསྐྱལ་བ་དང་། བོད་ལྗོངས་དབུས་གཙང་ནས་ཡོང་བའི་གླུ་མ་ཚེ་རིང་སྒྲོན་དཀར་གྱིས་བླངས་པའི་བོད་ཀྱི་ལྷ་མོ་ཟློས་གར«བཀྲ་ཤིས་རྟགས་བརྒྱད»ཞེས་པ་དེས་ལྟད་མོ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་བཀུག་པ་དང་། མཚོ་སྔོན་རང་སའི་བོད་ཀྱི་གླུ་བ་གདུགས་དཀར་ཡག་གིས་བླངས་པའི«གསེར་ཐང་བུ་མོ»ཞེས་པ་དང་བཀྲ་ཤིས་ཕུན་སྟོབས་ཀྱིས་བླངས་པའི«གནམ་ལོ་གསར་བའི་སྨོན་འདུན»ཞེས་པ། མེ་ཏོག་གངས་ལྷ་ཚན་སྡེབ་ཀྱིས་བླངས་པའི«བརྩེ་དུང་གི་འབོད་པ»ཞེས་པ་སོགས་ཀྱིས་དགོང་ཚོགས་ཧྲིལ་བོ་མཐོ་རླབས་གསར་བ་རེ་རེར་བསྐྱལ་སོང་།

དགོང་ཚོགས་ཡོངས་ཀྱི་ལེ་ཚན་ཚང་མ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཏེ་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྩོན་པའི་བརྗོད་བྱ་གཙོ་བོ་མགོ་ནས་མཇུག་ཏུ་བརྗུས་ཡོད།ཡིན་པ་དང་

དགོང་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པས་བཤད་པ་ལྟར་ན། རེབ་འདིའི་དགོང་ཚོགས་གླུ་དབྱངས་དང་འཁྲབ་སྟོན་པ། བརྩམས་ཆོས་ཐད་ནས་མང་ཆེ་བ་གསར་བ་དག་དག་ཡིན་པ་དང་། འཁྲབ་སྟོན་གྱི་ཐད་ནས་ཀྱང་དེ་སྔོན་གྱི་འཁྲབ་སྟོན་ཁང་ཁོ་ན་ནས་འཁྲབ་སྟོན་བྱེད་པ་བསྒྱུར་ཏེ། འཁྲབ་སྟོན་གྱི་ལེ་ཚན་འབྲུ་དྲུག་སྙེ་མ་ལྡེམ་པའི་གཅན་ཚ་ཞིང་ལས་ས་ཁུལ་དང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་བའི་ཐུན་ཏེ་ཕྱུགས་ལས་ས་ཁུལ་བཅས་འཁྲབ་སྟོན་བྱེད་ས་གཉིས་སུ་བཀར་ནས་འཁྲབ་སྟོན་བྱས་ཡོད་པ་དང་། ཡན་ལག་འཁྲབ་ཡུལ་དེ་གཉིས་ཀྱི་སྒྲ་ལེན་ཕབ་སྐྲུན་བྱས་ཚར་ཞིང་། མཇུག་མཐའི་སྒྲིག་སྦྱོར་ཐད་ནས་འགོ་འཛིན་པས་ཡུལ་དངོས་ནས་འབྲེལ་མཐུད་བྱེད་པའི་རྣམ་པ་སྤྱད་དེ་ངེད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཁང་དང་ཡན་ལག་འཁྲབ་སྟོན་ཁང་དེ་གཉིས་གཞི་གཅིག་ཏུ་སྦྲེལ་བའི་འཁྲབ་སྟོན་གྱི་རྣམ་པ་ལས། གཞི་རིམ་མང་ཚོགས་དང་མཉམ་དུ་གནམ་ལོ་གསར་བར་རོལ་བའི་བྱེད་ཐབས་སྤྱད་ཡོད་པས་མང་ཚོགས་དང་དམ་པོར་འབྲེལ་ཞིང་མང་ཚོགས་ལ་གནམ་ལོ་གསར་ཚེས་ཀྱི་གར་སྟེགས་ཆེན་པོ་བསྐྲུན་ཡོད།

2014ལོའི་ལོ་སར་དགོང་ཚོགས«དཔྱིད་དཔལ་གསར་བའི་རེ་སྨོན»ཞེས་པ་དེ་ད་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚུགས་བཅས་ནས་གཏོང་རྒྱུ་ཡིན་པས། སྐབས་དེར་རྒྱ་ཆེའི་ལྟད་མོ་བ་དང་རྒྱ་ཆེའི་ཉན་མཁན། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་འགྱུར་བའི་སྨོན་འདུན་ཡང་ཡང་ཞུ།།


དགོང་ཚོགས་སུ་ཕེབས་པའི་འགོ་ཁྲིད་རྣམ་པ།

ལོ་གཡང་བཀྲ་ཤིས་བསུ་བའི་གྲོ་སོ་ཕྱེ་མར།

བདེ་སྐྱིད་དཔལ་ལ་བསྟོད་པའི་སྟངས་སྟབས།

འཆམ་མཐུན་འཚོ་བའི་འགྱུར་ཁུགས།

དེ་རིང་གནམ་ལོ་གསར་ཚེས་གླུ་ཡིས་བསྟོད།

ལང་ཚོའི་ཉམས་འགྱུར་གངས་ཅན་ཡུལ་ལ་ཁྱབ།

སྙན་ངག་གྱེར་འདོན«ང་ཚོས་ནམ་ཡང་བརྗེད་མི་སྲིད»

རང་ཞིང་གི་གླུ་བ་བཀྲ་ཤིས་ཕུན་སྟོབས།

རིག་འཛིན་སྒྲོལ་མ།

གླུ་བ་ཆོས་དར།

སྟོད་ཉི་མ་ལྷ་ས་ནས་ཐོན་པའི་བོད་ཀྱི་ལྷ་མོ་ཟློས་གར་ལེན་མཁན་ཚེ་རིང་སྒྲོན་དཀར།

བོད་ཀྱི་ལྷ་མོ་ཟློས་གར«བཀྲ་ཤིས་རྟགས་བརྒྱད»

རྒྱལ་མོ་ཚ་བ་རོང་ནས་ཐོན་པའི་གླུ་མ་བསྟན་པ་དབང་མོ།

པེ་ཅིན་ནས་ཐོན་པའི་གླུ་མ་ལྷ་སྒྲོན།

གངས་ལྷ་མེ་ཏོག་ཚན་སྡེབ།

མདོ་འཛིན་པ་རྣམས།

གནམ་ལོ་གསར་བའི་སྤྲོ་ཚོགས་བདེ་ལེགས་ངང་མཇུག་རྫོགས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག