མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁྲི་ཀ་རྫོང་གི་མཐའ་འཁོབ་རོང་འབྲོག་ས་ཁུལ་ལ་ཆུ་དང་གློག ཁ་པར་བཅས་འཐེན་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་བཅོས་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས། མཐའ་འཁོབ་རོང་འབྲོག་ས་ཁུལ་དུ་གནས་པའི་ཞང་སྡེ་ཡི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྟོབས་ཤུགས་གཅིག་སྡུད་བྱས་པ་དང་། ལྷག་པར་དུ་གློག་དང་ཆུ། ཁ་པར་བཅས་བཀག་མེད་དུ་འཐེན་པར་གཙིགས་འཛིན་ནན་མོ་བྱས་པ་དེས། རྫོང་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་གྱི་ཚད་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་བྱས།

ལོ་གཅིག་གི་རིང་ལ། ཁྲི་ཀ་རྫོང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འགྲིམ་འགྲུལ་འཆར་འགོད་ལག་ལེན་མཐའ་འཁྱོལ་བྱས་ནས། རྫོང་ནས་ཞང་བར་གྱི་གཞུང་ལམ་དང་ཞང་ནས་སྡེ་བའི་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པ་གནས་སར་བཟུང་སྟེ། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་བདུན་ལྷག་བཏང་ནས། རིང་ཚད་ལ་སྤྱི་ལེ་བརྒྱ་དང་གྱ་དྲུག་ཡོད་པའི་གཞུང་ལམ་དང་ཟམ་པ་སོ་ལྔ་འཛུགས་བསྐྲུན་བྱས་ཤིང་། སྡེ་བ་རེ་གསུམ་གྱི་རིགས་སོ་སོའི་མི་དམངས་ཁྲི་ལྔ་ཙམ་ལ་འགྲིམ་འགྲུལ་གྱི་ཐད་ནས་ཕན་བདེ་མི་དམན་པ་བསྐྲུན། རོང་འབྲོག་ས་ཁུལ་དུ་འཐུང་ཆུ་དཀོན་པའི་གནད་དོན་ལ་དམིགས་ནས། ཁྲི་ཀ་རྫོང་གིས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་དྲུག་ལྷག་བཏང་མཐར། ཁྱིམ་ཚང་བཞི་སྟོང་སུམ་བརྒྱ་ཙམ་གྱི་རོང་འབྲོག་མང་ཚོགས་ཉིས་ཁྲི་ལ་ཉེ་བར་འཐུང་ཆུའི་གནད་དོན་ཡོངས་སུ་ཐག་བཅད་པར་མ་ཟད། ཆུ་མ་ས་ཁུལ་གྱི་ཞིང་ས་མུའུ་ཁྲི་གཅིག་ལྷག་ལ་ཆུ་གཏོང་ཐུབ་པར་འགན་ལེན་ཡག་པོ་བྱས། དེ་མིན་ད་དུང་ཀྲུང་གོའི་གློག་འཕྲིན་ལས་ཁུངས་དང་མཉམ་འབྲེལ་སྒོས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ལྷག་བཏང་ནས། གློག་འཕྲིན་རྟེན་གཞི་ཉེར་གཉིས་འཛུགས་སྐྲུན་བྱས་པ་དེས། མཐའ་འཁོབ་རོང་འབྲོག་ས་ཁུལ་དུ་འཚོ་བའི་མང་ཚོགས་ཀྱིས་ཀྱང་རྒྱུན་ལྡན་ལྟར་ཁ་པར་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་།

ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་གྱི་རྐང་ཚ་གོང་མ་སྡེ་བའི་འབྲོག་དམངས་རྡོ་ཐར་བཀྲ་ཤིས་ཀྱིས་བཤད་རྒྱུར། ད་ལོ་གཞུང་ལམ་ངེད་ཚང་གི་སྒོ་འགྲམ་དུ་འཐེན་ཟིན་པས། རྗེས་སོར་བྱིས་པ་རྫོང་མཁར་དུ་སློབ་གྲྭར་བསྐྱལ་བར་སྟབས་བདེ་བསྐྲུན་ཡོད་ཅིང་། ཁྱིམ་དུ་རང་འབབ་ཆུ་འཐེན་ཡོད་པ་ལས་གཞན་ཉི་འོད་ནུས་པའི་ཆུ་སྲོ་སྤྱད་ཀྱང་ཁང་ཀླད་དུ་བཞག་ཡོད་པས། ང་ཚོས་ཀྱང་གྲོང་ཁྱེར་གྱི་མི་ནང་བཞིན་ཁྱིམ་ནས་ཁྲུས་བྱེད་པ་དང་སྒོ་ཕྱུགས་ལ་ཆུ་མཁོ་སྤྲོད་བྱས་ཆོག་པར་བརྟེན། སྔོན་ཆད་ནང་བཞིན་ཆུ་འགྲམ་ནས་དར་ཁུང་བརྐོ་མི་དགོས་ལ། ཁྱིམ་དུ་ཁ་པར་འཐེན་པ་ནས་བཟུང་དུས་ལྟར་ཕྱུགས་ཟོག་གི་རིན་གོང་འཕར་སྣོན་བྱུང་མིན་ཤེས་ཐུབ་ལ། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག