མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:36

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དངོས་འབེབས་བྱ་བ་བཀོད་སྒྲིག་བྱས།

    ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་ཡར་བརྩོན་གྱི་འདུ་ཤེས་དང་། གོ་སྐབས་ཀྱི་འདུ་ཤེས། འགན་ཁུར་གྱི་འདུ་ཤེས་སོགས་ཇེ་དྲག་ཏུ་བཏང་ནས་བཅོས་སྒྱུར་བྱ་བར་སྔར་ལས་གྲུབ་འབྲས་ཆེན་པོ་ལེན་པར་བརྩོན་ལེན་བྱེད་དགོས་ཟེར།

    ཧའོ་ཕིན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་གནད་འགག་ཞིག་ཡིན་པ་དང་། “ལོ་བརྒྱ་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གྲོས་ཚོགས་གལ་ཆེན་ཐེངས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི«ཆོད་དོན»ལས་ཚན་རིག་ལྟར་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པ་མཚོན་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་བསམ་བློ་གཏོང་ཕྱོགས་གསར་བ་ཞིག་ཡིན་ལ། བཅོས་སྒྱུར་གྱི་འཕེལ་རིམ་ལ་དུས་རིམ་གསར་བ་ཞིག་གསར་གཏོད་བྱས་ཟེར།

    ཧའོ་ཕིན་གྱིས་རིམ་པ་སོ་སོའི་སྲིད་གཞུང་གིས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་བྱ་བ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། ཇི་མ་ཇི་བཞིན་དུ་གསར་གཏོད་ཀྱི་རྣམ་པ་ལྟར་སློབ་སྦྱོང་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་གཉིས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་བཀོལ་དགོས་པའི་རེ་བ་བཏོན།

    གྲོས་ཚོགས་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་བར་མའི་དཔྱད་འཇོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དཔྱད་འཇོག་སྙན་ཞུར་བཏོན་པའི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་གཉིས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་བྱ་བ་ཡོངས་འགྲུབ་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་བདེ་བླག་ངང་སྤེལ་བར་འབྲེལ་བ་ཆེན་པོ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུངས་བའི་འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་ཡོངས་རྫོགས་ཐག་གཅོད་པའི་གནད་འགག་ཡིན་ཞེས་པའི་ནང་དོན་གལ་ཆེན་ངོས་ཟིན་ཟབ་མོ་དང་གོ་བ་ཟབ་མོ་བླངས་ནས། སྔར་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་རྒྱུ་སྤུས་དང་ཕན་འབྲས་ལ་དོ་སྣང་བྱེད་དགོས། སྔར་ལས་སྟོབས་ཤུགས་ཆེན་པོས་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་པའི་བྱ་བ་ཡར་སྐུལ་བྱེད་དགོས་པ་དང་། དུས་ལྟར་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

    གྲོས་ཚོགས་ནས་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག