མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚེས18ཉིན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མྱུར་དུ་བསླངས་ཏེ། ཡར་བརྩོན་གྱི་འདུ་ཤེས་དང་གོ་སྐབས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོར་བཅངས་པ་དང་། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང་དེར་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལོ་ཡུས་ལིན་དང་ཅི་ཏིས་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅུན། ཝང་ཞའོ་ཆིན། ཀྲང་ཀོང་རུང་། ཝང་ཞའོ། སུའུ་ཉིན། མའོ་ཞའོ་པེན། བསྟན་ཁོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཡོན་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་བཅས་ཚོགས་འདུར་ཞུགས།

ལོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཆོད་དོན་གྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བར་ཇུས་གཞི་གསར་བ་བཀོད་ཡོད་པས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ལ། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་གསོན་ཤུགས་ཆེན་པོ་བསྣན་ནས། ང་ཚོའི་ཏང་གིས་དུས་སྐབས་གསར་བར་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་འགྱུར་སྲིད་པ་ཤ་སྟག་ཡིན་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་དེར་གོ་བ་ལེན་པ་དང་ཀྲུང་དབྱང་གི་ཆོད་དོན་གྱི་དགོངས་དོན་ལ་རྒྱུས་ལོན་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པར་བྱེད་དགོས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་བཅས་ཡང་དག་པར་ཤེས་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་པ། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པ་དང་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པ་དེ་དམིགས་ཡུལ་དང་གཞི་འཛིན་ས་རུ་བརྩིས་ཏེ། མི་དམངས་ལ་དམ་དུ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ཚོགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཇེ་ཆེར་གཏོང་དགོས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འབད་བརྩོན་གྱི་ཁ་ཕྱོགས་དང་ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་ཡང་དག་པར་ཤེས་པར་བྱས་ཏེ། ཚོང་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གྱིས་གཅིག་གྱུར་བྱེད་པའི་ཆབ་སྲིད་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དར་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རིག་གནས་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་སྔར་ལས་བཟང་བོ་བྱེད་པ་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པའི་སྤྱི་ཚོགས་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ། ཚན་རིག་དང་མཐུན་པར་སྲིད་འཛིན་པ་དང་དམངས་གཙོའི་སྒོ་ནས་སྲིད་འཛིན་པ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཏང་གི་འཛུགས་སྐྲུན་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དམ་དུ་དམིགས་པ་བཅས་ལ་གོ་བ་ཟབ་མོ་ལེན་དགོས། སྤྱིའི་ཆ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལམ་ཐིག་སེམས་ལ་ངེས་དགོས་པར་མ་ཟད། ཁྱབ་ཁོངས་སོ་སོའི་དམིགས་བསལ་རེ་བ་སེམས་ལ་དམ་དུ་བཟུང་ནས། བཅོས་སྒྱུར་གྱི་སྤྱིའི་ཁ་ཕྱོགས་མི་ནོར་བ་དང་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་གྱི་བགྲོད་ལམ་ལ་ཁྱད་པར་མེད་པར་ཁག་ཐེག་བྱེད་དགོས། ཏང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་རྩ་འཛུགས་མགོ་ཁྲིད་དང་། ལས་འགན་རེ་བ། བྱ་བའི་བྱེད་ཐབས་བཅས་ཡང་དག་པར་ཤེས་པར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གིས་ཁྱོན་ཡོངས་ལ་བཀོད་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་སྲོག་ཤིང་གི་ནུས་པ་དང་ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ནུས་པ་བཅས་ཇེ་མཐོར་གཏོང་བ་དང་། བཅོས་སྒྱུར་གྱི་མགོ་ཁྲིད་འགན་ཁུར་ལག་བསྟར་བཟང་བོ་བྱེད་པ། རིགས་ལམ་ཡང་དག་ལ་བརྟེན་ནས་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་པ་སོགས་ཐད་བཏོན་པའི་བླང་བྱ་ལ་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་རྒྱལ་ཁ་གསར་བ་ལེན་པར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཧུར་ཐག་གིས་ལག་བསྟར་དངོས་འབེབ་བྱེད་དགོས་ཏེ། གཅིག དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ནན་མོ་བྱས་ཏེ་ཁོང་དུ་ཆུད་པར་བྱེད་དགོས། གཉིས། གོ་སྐབས་དམ་འཛིན་བྱས་ཏེ་རང་འགུལ་སྒོས་འབད་འཐབ་བྱེད་དགོས། གསུམ། ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ་སྣང་ཚུལ་བཟང་བོ་བསྐྲུན་དགོས། བཞི། མགོ་ཁྲིད་ལ་ཤུགས་བསྣན་ཏེ་སྤོབས་པ་ཆེན་པོས་ལས་འགན་ཁུར་དུ་ལེན་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱི་ཁོངས་གཏོགས་ཁེ་ལས། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག