མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་སའི་ཆུ་གྲོན་ཆུང་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-11-11 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ལ་ཆུ་མང་བོ་མཁོ་བས། ཞིང་སའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་འཕེལ་རྒྱས་ནི་ཆུའི་འགལ་བ་ཐག་གཅོད་པའི་ནུས་ལྡན་ཐབས་ལམ་ཞིག་ཏུ་གྱུར། དེའི་ཕྱིར། མཚོ་སྔོན་གྱི་ཁུལ(ས་ཁུལ་དང་གྲོང་ཁྱེར)དང་རྫོང་སོ་སོས་ཧུར་བརྩོན་གྱིས་མ་དངུལ་བསགས་ནས་ཆུ་གྲོན་ཆུང་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་ཁྱབ་སྤེལ་བྱས་པ་བརྒྱུད། དཔེ་སྟོན་དང་འཐུས་ཚབ་ཀྱི་དོན་སྙིང་ལྡན་པའི་ཆུ་གྲོན་ཆུང་བྱེད་པའི་བཟོ་འགོད་སྐོར་ཞིག་འཛུགས་སྐྲུན་བྱས། དཔེར་ན་ཙོང་ཆུ་འབབ་རྒྱུད་དང་རྨ་ཆུ་གཞུང་སའི་ཆུ་གཏོང་ཁུལ་བྱང་མའི་ཆུ་རྐ། ཀ་མདོའི་ཆུ་གཏོང་ཁུལ་སོགས་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་ཁྲི་ཡན་དང་། ཆུ་གཏོང་ཁུལ་ཆུང་བ་མང་བའི་མཐུད་འཛུགས་ཀྱི་ཆ་སྡེབ་དང་ཆུ་གྲོན་ཆུང་བྱེད་པའི་བསྒྱུར་བཀོད་བྱས་པ་དང་། ཞིང་ས་དང་རྩྭ་སའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་དཔེ་སྟོན་ལས་གཞི་ལག་ཏུ་བསྟར་བས། ཞིང་ལས་ཆུ་གྲོན་ཆུང་བྱེད་པའི་བྱ་བ་ཁྱབ་གདལ་དང་གོང་དུ་སྤེལ་བར་སྐུལ་འདེད་བཏང་། ཆུའི་ཐོན་ཁུངས་གནས་ཚུལ་ཚབས་ཆེན་ཡིན་པའི་མཚོ་ནུབ་ཁུལ་གྱིས་ཆུ་གྲོན་ཆུང་བྱེད་པའི་དཔེ་སྟོན་ལས་གཞི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། གཏེར་ལེན་ཁ་་གཙོ་བྱས་ནས་ཚོད་མ་དང་དྲོད་ཁང་། ནགས་ཚལ་སོགས་སུ་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ལག་རྩལ་གསར་བ་ཧུར་བརྩོན་གྱིས་ཁྱབ་གདལ་དུ་བཏང་། དུས་མཉམ་དུ་མཚོ་ཤར་གྱི་རྫོང་སོ་སོས་ཆུ་ཤོག་ཡོངས་ཁེབས་ཀྱི་ལག་རྩལ་གཙོ་ཡིན་པའི་སྐམ་འདེབས་ཆུ་གྲོན་ཆུང་བྱེད་པའི་ཞིང་ལས་ཤུགས་ཆེན་པོས་ཁྱབ་སྤེལ་བྱས་པས། “ཆར་ཆུ་གསོག་འཇོག་དང་རླན་འཛིན་པ། དྲོད་གཏོང་བ”བཅས་ཀྱི་གནད་དོན་ཆེན་པོ་གསུམ་ནུས་ལྡན་སྒོས་ཐག་བཅད་པ་དང་། གཞན་འགུལ་གྱིས་ཐན་འགོག་བྱེད་པ་ནས་རང་འགུལ་གྱིས་ཐན་འགོག་དང་། སྲོལ་རྒྱུན་གྱི་ཐན་འགོག་བྱེད་པ་ནས་ཚན་རྩལ་སྒོས་ཐན་འགོག་བྱེད་པར་གྱུར་ཅིང་། ཐན་སྐམ་རི་མ་ས་ཁུལ་གྱི་ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་འཕར་གྱི་ཐབས་གསར་ཞིག་ཏུ་གྱུར།

ད་ལོར་ཧུའུ་ཀྲུའུ་རྫོང་ཆུ་དོན་ཅུའུ་ཡིས“ཞིང་ལས་ཚན་རྩལ་དཔེ་སྟོན་ར་བ་འཛུགས་སྐྲུན” གྱི་ཆུ་བེད་རྨང་གཞི་སྒྲིག་འགོད་འཛུགས་སྐྲུན་ལེགས་པོར་སྒྲུབ་པའི་དུས་མཉམ་དུ། ཐོན་ཚད་དམའ་འབྲིང་ཅན་གྱི་ཞིང་སའི་བསྒྱུར་བཀོད་ལས་གཞི་དང་སྦྲེལ་ནས་ཙན་ཏྲ་ཆུ་མཛོད་ཀྱི་ཆུ་གཏོང་ཁུལ་ཤར་མ་དང་ཆུ་གཏོང་ཁུལ་ནུབ་མ་སྲ་སྒྱུར་སོགས་ཐོན་ཚད་དམའ་འབྲིང་ཅན་གྱི་ཞིང་སའི་བསྒྱུར་བཀོད་བཟོ་འགོད་དང་། ནགས་ཁུལ་གྱི་ཕན་མཐོའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་བཟོ་འགོད། འདན་མ་རི་མཁར་ཆུ་གཏོང་ཁུལ་སོགས་ཀྱི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་བསྒྱུར་བཀོད་བཟོ་འགོད་སོགས་ལག་ཏུ་བསྟར་ནས། སྤྱིའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་ལྷག་བཏང་། ལས་གཞི་གྲུབ་རྗེས་ཆུ་གཏོང་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་གསུམ་ལེགས་སྒྱུར་བྱ་ཐུབ་ལ། ཞིང་སའི་ཆུ་གཏོང་རྒྱ་ཁྱོན་ནུས་ལྡན་སྒོས་ལེགས་སྒྱུར་བྱ་ཐུབ་ངེས་ཡིན།

ཉེ་བའི་ལོ་འགར་ལོ་ཏུའུ་རྫོང་གིས་ད་ཡོད་ཀྱི་ཐན་སྐམ་ཞིང་ལས་ཀྱི་ཕྱོགས་བསྡུས་འདེབས་འཛུགས་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བའི་དུས་མཉམ་དུ། ཆུ་ཤོག་ཡོངས་ཁེབས་ཀྱི་རྣང་ཤུར་གཉིས་ཀྱི་འདེབས་འཛུགས་ལག་རྩལ་དང་། “ཆུ་དང་ལུད་ཕོང་བོ་གཅིག་ཏུ་གྱུར་པ”སོགས་སྐམ་འདེབས་ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་གསར་བ་ཧུར་བརྩོན་གྱིས་གོང་དུ་སྤེལ་ཏེ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་ཐོབ། ཤེས་གསལ་ལྟར་ན། སྐམ་འདེབས་ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་ཁྱབ་གདལ་དུ་བཏང་ཚུན་དུ་ལའོ་ཏུའུ་རྫོང་གི་དྲོད་ཁང་གི་སུར་པན་གྱི་ཐོན་ཚད་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གསུམ་དང་བརྒྱ་ཆའི་ཉེར་གསུམ་བར་ཐོན་འཕར་བྱུང་བ་དང་། མུའུ་རེའི་ཡོང་སྒོ་ཆ་སྙོམས་སུ་སྒོར་སུམ་བརྒྱ་དྲུག་ཅུ་རེ་དྲུག་དང་གྲངས་ཆུང་གསུམ་སྒོར་བདུན་བརྒྱ་ཞེ་དགུ་དང་གྲངས་ཆུང་གསུམ་བར་འཕར། ས་གཤིས་ནང་གི་ཆུ་འདུས་ཚད་བརྒྱ་ཆའི་གཅིག་གྲངས་ཆུང་གཉིས་ནས་བརྒྱ་ཆའི་གསུམ་གྲངས་ཆུང་བཞི་དགུ་བར་ཇེ་མང་དུ་སོང་། མུའུ་རེར་ཆུ་མུས་རྒྱ་དཔང་གྲུ་བཞི་མ་ལྔ་བཅུ་ནས་བརྒྱ་དང་ལྔ་བར་གྲོན་ཆུང་བྱས། མིག་སྔའི་བར། ལག་རྩལ་ཁྱབ་གདལ་དུ་བཏང་བའི་རྒྱ་ཁྱོན་མུའུ་སྟོང་ལྔ་བཞི་བརྒྱ་ལ་བསླེབས།

ལས་གཞི་ཁུལ་གྱི་ཞིང་ས་དང་ནགས་ཚལ་གྱི་ཆུ་མཁོ་ཚད་ནུས་ལྡན་སྒོས་ཁག་ཐེག་བྱ་ཆེད། ཀོས་ནན་རྫོང་གིས་མ་དངུལ་སྒོར་བྱེ་བ་བདུན་ལྷག་བཏང་ནས“ཀོས་ནན་རྫོང་གི་ཞིང་ས་ཆུང་བའི་ཕན་མཐོའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་གི་གནད་ཆེའི་བཟོ་འགོད”ལག་ཏུ་བསྟར་རྩིས་ཡོད། བཟོ་འགོད་དེའི་ལག་བསྟར་དུས་ཡུན་ནི་ལོ་གསུམ་ཡིན་པ་དང་། སོ་སོར་བྱ་མདོ་དང་མང་ཆུ། མང་ར་བཅས་ཤང་གྲོང་གསུམ་དུ་ཕན་མཐོའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་བཟོ་འགོད་སོ་གསུམ་འཛུགས་སྐྲུན་བྱས་ཏེ། ཞིང་ལས་ཀྱི་ཆུ་གཏོང་རྒྱ་ཁྱོན་མུའུ་ཁྲི་དྲུག་ལྷག་ཁྱོན་ཡོངས་ནས་ལེགས་སྒྱུར་བྱ་རྒྱུ་རེད། ད་ལོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དགུ་ཁྲི་གཉིས་བཏང་ནས་བྱ་མདོའི་ཧྲི་ཡན་དང་སྡོང་བོ་གཞུང་། རྐ་འབའ། གླེགས་ཤིང་སོགས་སྡེ་བ་བཅོ་ལྔ་ཡི་ཞིང་ས་དང་ནགས་ཚལ་དུ་ཚད་གཞི་མཐོ་བའི་ཆུ་སྦུག་གི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་བཟོ་འགོད་ལག་ཏུ་བསྟར་ནས། ཆུ་ལེན་ས་དང་ཆུ་དིམ་རྫིང་བུ། ཝ་ཡུར། ཆུ་འཁྱིལ་སའི་ཆུ་གཏོང་སྟེམ་སྒོ། སྟེམ་སྒོའི་ཆུ་དོང་། ཆུ་སྦུག་གཞི་དབྱིབས་ཅན་སོགས་ཆུ་བེད་སྒྲིག་ཆས་བཞི་བརྒྱ་གོ་གཉིས་གསར་འཛུགས་དང་ཞིག་གསོ་བྱ་རྒྱུ་དང་། ཆུ་སྦུག་བཅུ་བཞི་སྟེ་སྤྱི་ལེ་དོན་བདུན་བཏིངས་ནས་ཞིང་ལས་ཀྱི་ཆུ་གཏོང་རྒྱ་ཁྱོན་མུའུ་ཁྲི་གཉིས་ལྷག་ལེགས་བསྒྱུར་བྱ་རྒྱུ་རེད།

ལོ་འགའི་འབད་བརྩོན་བརྒྱུད། རང་ཞིང་གི་ཞིང་སའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ཐད་འཕེལ་རྒྱས་རྣམ་པ་བཟང་པོ་བྱུང་། བརྟག་དཔྱད་སྔོན་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་སུ་མུའུ་རེར་མུ་མཁོ་ཚད་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ཐོག་མའི་མུས་རྒྱ་དཔང་གྲུ་བཞི་མ་ལྔ་བརྒྱ་ཞེ་གསུམ་དུ་བབས་པ་དང་། ཞིང་སར་ཆུ་གཏོང་མཁོ་ཚད་ཐིག་དང་གྲངས་ཆུང་གསུམ་ལྔ་ནས་ཐིག་དང་གྲངས་ཆུང་བཞི་ཐིག་ཇེ་མཐོར་སོང་བས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་དྲག་ཏུ་བཏང་བའི་ཁར། ཞིང་ལས་ལ་ཕན་འབྲས་ཐོབ་པ་དང་ཞིང་པའི་ཡོང་སྒོ་འཕར་བའི་དམིགས་འབེན་གྲུབ་པ་དང་། ཆུ་གཏོང་ཁུལ་གྱི་དོ་དམ་ལས་ཆོད་དང་ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་བར་མ་ཟད། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱས་པ་དང་། ཞིང་སའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བུད།

དེང་ཕྱིན་གྱི་དུས་རིམ་ཞིག་གི་ནང་། མཚོ་སྔོན་གྱིས་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་མུ་མཐུད་དུ་ཁྱབ་སྤེལ་ནན་མོ་བྱས་ནས། ཆུའི་ཐོན་ཁུངས་དོ་དམ་ནན་འཛིན་བྱེད་པ་དང་། ས་ཁོངས་ནང་གི་ཆུ་མཁོའི་སྤྱི་གྲངས་ཚོད་འཛིན། ཆུ་མཁོའི་ལས་ཆོད་ཚོད་འཛིན། ཆུ་ནུས་ཁུལ་ནང་གི་སྦགས་བཙོག་བཀག་སྡོམ་བཅས་དམར་ཐིག་གསུམ་ཁྱོན་ཡོངས་ས་སྐུལ་སྤེལ་བྱ་དགོས། མུ་མཐུད་དུ་བཟོ་ལས་ཀྱིས་ཞིང་ལས་གསོ་བའི་ཆུ་དབང་ལམ་ལུགས་ཀྱི་དོ་དམ་དཔེ་ལྟ་འཛུགས་པ་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ལས་གཞི་ལག་ཏུ་བསྟར་ཤུགས་སྔར་བས་ཇེ་དྲག་ཏུ་གཏོང་དགོས། ཙོང་ཆུ་བྱང་མའི་རྐང་འཛིན་ཆུ་རྐའི་བཟོ་འགོད་དང་པོའི་ཞིང་ཁའི་ཆ་སྡེབ་བཟོ་འགོད་འཛུགས་སྐྲུན་ལེགས་འཛིན་དང་ཆུ་གཏོང་ཁུལ་ཆེ་འབྲིང་གི་མཐུད་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས། མུ་མཐུད་དུ་ཙོང་ཆུ་འབབ་རྒྱུད་དང་རྨ་ཆུ་གཞུང་ས། ཚྭ་འདམ་ལྗང་ཁུལ་གྱི་ཆུ་གཏོང་། མཚོ་ལྷོའི་ཐེ་ཏིས་སོགས་ཆུ་གཏོང་ཁུལ་གྱི་ཆ་སྡེབ་མཐུད་འཛུགས་དང་ཆུ་གྲོན་ཆུང་བྱེད་པའི་བསྒྱུར་བཀོད་ལས་གཞི། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ཆུ་གཏོང་ཁུལ་འབྲིང་རིམ་གྱི་བསྒྱུར་བཀོད་ལས་གཞི་སོགས་ལེགས་འཛིན་བྱ་དགོས། ཧུར་བརྩོན་གྱིས་ཞིང་ལས་ཆུ་བེད་ཆུང་བའི་གནད་ཆེའི་རྫོང་གི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཞིང་ལས་ཕན་མཐོའི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ཧུར་བརྩོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་གི་སྔོན་ཐོན་ལག་རྩལ་ནང་དུ་དྲངས་ནས་རྨ་ཙོང་ཆུ་རོང་སའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཚྭ་འདམ་ས་ཁུལ་གྱི་འདྲེ་ཚེར་མ་སོགས་དཔལ་འབྱོར་ལོ་ཏོག་གི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་བཟོ་འགོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། ཤར་རྒྱུད་ས་ཁུལ་གྱི་བར་སའི་ཐན་སྐམ་ས་ཁུལ་གྱི་ཆུ་བེད་ཕྱོགས་བསྡུས་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ནས། འབབ་རྒྱུད་ཆུང་བའི་བཅོས་སྐྱོང་འགག་གཏོར་ས་བྱས་ཏེ་རི་ཆུ་དང་ནགས། ལམ་སོགས་ལ་གཅིག་གྱུར་འཆར་འགོད་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། ཐན་སྐམ་རི་ཁུལ་གྱི་ཆུ་བེད་ཕྱོགས་བསྡུས་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞིང་སའི་ཆུ་གཏོང་སྒྲིག་ཆས་རྙིང་འགྱུར་གྱི་ཞིག་གསོ་ལས་གཞི་དང་བསྒྱུར་བཀོད་བཟོ་འགོད་སྤེལ་ནས་གནད་ཆེ་སའི་ཆུ་གཏོང་ཁུལ་གྱི“མཇུག་མཐའི་སྤྱི་ལེ་གཅིག”གི་གནད་དོན་ཐག་གཅོད་དགོས། ཞིང་ས་མུའུ་ས་ཡ་གཅིག་དང་འབུམ་ལྔ་ཡི་ཆུ་གཏོང་ཆ་རྐྱེན་ལེགས་སྒྱུར་བྱས་ནས་ཆུ་གཏོང་ཁུལ་གྱི་ཆུ་མཁོ་གྲངས་དང་ཆུ་མཁོ་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་བ་དང་། ཆུ་གཏོང་ཆུ་གྲོན་ཆུང་བྱེད་པ་དང་། ཐོན་འཕར་ཡོང་འཕར་ཐད་ཕན་འབྲས་མཉམ་ཐོབ་བྱ་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག