མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཟླ10བ་ནི་ལོ་གཅིག་གི་ནང་མཚོ་སྔོན་པོར་བྱ་རིགས་ཆེས་མང་པོའི་དུས་སུ་འཁེལ་ཡོད།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-01 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཁར་ངང་ངུར་གྱི་ཚོགས་བག་ཡངས་ཀྱིས་མཚོ་མཐའ་ན་འཕུར་ཞིང་གནས་ལ་དབྱར་ཀྱི་དུས་སུ་བྱ་ཆེན་རིགས་བཞི་མ་གྲོས་གཅིག་མཐུན་ངང་མཚོ་སྔོན་པོའི་ཕང་བ་རུ་རྩེན། མཛེས་སྡུག་དཔལ་གྱིས་སྒེག་པའི་མཚེའུ་འདིར་བཀྲག་མདངས་སྣོན་བྱེད་དུ་བྱ་བརྒྱའི་ཚོགས་ཀྱི་གསོན་ཉམས་དེ་མེད་དུ་མི་རུང་བ་ཞིག་ཡིན། ལོ་རེའི་སྤྱི་ཟླ10བའི་ཟླ་མཇུག་ལ་མཚོ་མོ་འཁྱགས་པས་མ་བསྡམས་པའི་སྔ་རོལ་གྱི་མཚོ་སྔོན་པོ་ནི་ལོ་ཧྲིལ་བོའི་ནང་བྱ་རིགས་ཆེས་མང་པོའི་དུས་དང་འཁེལ་ཡོད་པ་མི་མང་ཤོས་ཀྱིས་ཚོར་གྱིན་མེད། མཚོ་སྐོར་བརྟག་དཔྱད་ཀྱི་དཔྱད་གཞི་གསར་བར་གཞིག་ན། མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྣ་མི་གཅིག་པའི་བྱ་རིགས་ཁྲི་ལྔ་དང་སྟོང་དགུ་ལྷག་ཡོད་པས། སྔོན་རྩིས་བྱས་པ་ལྟར་ན་མཚོ་མོར་འགྲམ་དར་མ་ཆགས་པའི་སྔ་རོལ་དུ་བྱ་རིགས་ཀྱི་གྲངས་འབོར་འབུམ་གཅིག་ལ་སླེབས་ངེས་པར་ཡིད་ཆེས་བྱེད་ཀྱིན་ཡོད།

མིག་སྔར་དབྱར་དུས་ཀྱི་བྱ་རིགས་རྣམས་འབྲལ་མ་ཕོད་པའི་ངང་སྔར་བཞིན་མཚོ་མཐའ་ན་བསྡད་ཡོད་པ་དང་ངང་ངུར་གྱི་ཚོགས་ཀྱིས་སྒུག་བཟོད་མ་ཐུབ་པར་སྔ་ས་ནས་མཚོ་མོའི་ཕང་བུ་རུ་སླེབས་ཡོད། ལྷོ་ཕྱོགས་སུ་བསྟར་ཕྲེང་བསྒྲིག་ནས་འགྲོ་བའི་བྱ་རིགས་རྣམས་མཚོ་སྔོན་པོ་བརྒྱུད་ནས་འཕུར་སྐབས།མཚོ་མོའི་ཉེ་འཁོར་གྱི་རྩྭ་ཆུ་བཟང་བ་དང་ཉ་རིགས་གང་དགར་འཁྱུག་རྩལ་ངོམས་པའི་གསོན་ཤུགས་མཐོང་བ་ན་རང་དབང་མེད་པར་འཕུར་ལྡིང་གི་གཤོག་ཟུང་གནས་འདི་གར་བསྒྱུར་དགོས་བྱུང་ཡོད། ཉེ་ལམ་མཚོ་སྔོན་པོའི་ཉེ་འཁོར་གྱི་མཛེས་ལྗོངས་ལ་སྲུང་སྐྱོབ་དང་བདག་གཉེར་བྱེད་པའི་ལས་ཁུངས་ཀྱི་ལས་བྱེད་པས་མཚོ་བསྐོར་ས་ཁུལ་ལ་ལྟ་ཞིབ་ཏུ་སོང་ནས་ཤེས་པ་ནི། ཉེ་བའི་དུས་འདིར་མཚོ་སྔོན་པོའི་ནང་ན་ཆུ་བྱའི་རིགས་སུམ་ཅུ་ལ་ཉེ་བ་ཡོད་པ་དང་དེ་ཚོའི་གྲངས་འབོར་ཁྱོན་བསྡོམས་ཁྲི་ལྔ་དང་སྟོང་དགུ་ལ་སླེབས་ཡོད་པར་མ་ཟད། རྒྱུད་འཕེལ་བྱ་རིགས་སྟོང་གཅིག་ལས་མང་ཙམ་ཡོད།

བདག་གཉེར་ལས་བྱེད་མི་སྣའི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ངང་ངུར་གྱི་ཚོགས་གཞི་ནས་མཚོ་མོའི་ཕང་བ་རུ་ལོག་ཡོད་ལ།དེང་སྐབས་མཚོ་སྔོན་པོའི་ཁ་ན་དགུན་བསྐྱལ་བའི་ངང་ངུར་གྱི་གྲངས་སུམ་བརྒྱ་ཡན་ལ་སླེབས་འདུག་ཟེར།

མཚོ་སྔོན་པོའི་ཉེ་འཁོར་གྱི་མཛེས་ལྗོངས་ལ་སྲུང་སྐྱོབ་དང་བདག་གཉེར་བྱེད་པའི་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཧི་ཡིས་པང་གིས་བཤད་རྒྱུར། ལས་བྱེད་པ་རྣམས་ཀྱིས་སོ་སོར་རིག་སྨོན་བརླན་ས་དང་བྱེ་གླིང་། རྒྱལ་དབང་ལྔ་བའི་ཆུ་མགོ མཚོ་རྣ་ལོང་། ཝ་འཇོག་ཐང་། ལྷ་མོའི་མཛེས་ལྗོངས་ཁུགས། རྟ་ནག་མ་སོགས་ཁྱོན་ས་ཁུལ་ཉེར་གཅིག་ལ་བརྟག་དཔྱད་བྱས་པ་ན། ཆུ་བྱའི་རིགས་ཀྱི་ངལ་གསོ་བའི་གནས་སྟངས་ཤིན་ཏུ་ལེགས་པོ་ཡིན་པ་མཐོང་བར་མ་ཟད། མཚོ་མོར་འགྲམ་དར་མ་ཆགས་པའི་སྔ་རོལ་ཏུ་མཚོ་སྔོན་པོའི་བྱ་རིགས་ཀྱི་གྲངས་འབོར་འབུམ་གཅིག་གི་ཡན་ལ་སླེབས་པར་སྔོན་དཔག་བྱེད་ཐུབ་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག