མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-01 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས29ནས་ཚེས30ཉིན་བར་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གིས་ཉིན་གཉིས་རིང་གི་དུས་ཚོད་བེད་སྤྱད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་གལ་ཆེན་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་དང་པོའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ། སྔོན་ཆད་ཀྱི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སངས་རྒྱས་སྐྱབས། ཚན་གཙོ་གཞོན་པ་མན་ཞོ་ཧོང་དང་དེ་མིན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་སོགས་ཚོགས་འདུར་ཞུགས་ནས་བྱ་བར་མཛུབ་སྟོན་བྱས།

ཚོགས་ཐོག་ནས་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བཤེར་བྱས་པ་དང་། “སྤྱོད་ངན་བཞིའི”ཕྱོགས་སུ་གནས་པའི་འབུར་ཐོན་གནད་དོན་བཅུ་གསུམ་ཞིབ་བཤེར་བྱས། གནད་དོན་དེ་དག་ལ་དམིགས་ནས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གིས་བསམ་བློའི་འདུ་ཤེས་དང་། དམིགས་འབེན་འདུ་ཤེས། ཏང་གཤིས་བློ་སྦྱོང་། ཀུན་སྤྱོད་བཟང་བོ། ནུས་པའི་ཆུ་ཚད་སོགས་ཐད་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་པ་དང་རྒྱུ་རྐྱེན་འཚོལ་བའི་ཐད་ལ་དག་ཐེར་བཅོས་སྐྱོང་བྱེད་ཐབས་ལྔ་བཏོན།

དེའི་རྗེས་སུ་བློ་མཐུན་རྡོ་རྗེ་རབ་བརྟན་གྱིས་མགོ་ཁྲིད་དེ་རང་གིས་རང་ལ་ཞིབ་བཤེར་བྱས་ནས། མགོ་ཁྲིད་དེ་རང་སྐྱོན་རང་བརྗོད་བྱས། རྒྱུན་ལས་སོ་སོས་གཙོ་གཉེར་བྱ་བ་དང་ཟུང་དུ་སྦྲེལ་ཏེ། རང་འགུལ་གྱིས་དོན་དངོས་ཐད་ནས་རྒྱུ་རྐྱེན་འཚོལ་བ་དང་ཞིབ་བཤེར་ནན་མོ་བྱས་པར་མ་ཟད། ཕན་ཚུན་བར་ལྷག་བསམ་རྣམ་དག་གི་སྒོ་ནས་སྐྱོན་བརྗོད་བྱས་པ་དང་། གནད་དོན་དང་མི་འདང་ས་ཚང་མས་ཐད་ཀར་དུ་གསལ་བོར་བཤད་དེ། བསམ་བློ་གཅིག་གྱུར་དང་། སློབ་གསོ་བཅོས་བསྒྱུར། མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་དམིགས་འབེན་དུ་བསླེབས།

ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་བློ་མཐུན་སངས་རྒྱས་སྐྱབས་ཀྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་མགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཁས་ལེན་གང་ལེགས་བྱས་པར་མ་ཟད། རེབ་འདིའི་ཚོགས་འདུར་གྲ་སྒྲིག་བྱས་པ་བཟང་ཞིང་། ངོས་ཟིན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཞིབ་བཤེར་ཟབ་མོ་བྱས་པས། ཕན་ཚུན་བར་རོགས་རམ་དང་། བྱ་བ་ཡར་སྐུལ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ཕྱིན་ཆད་ཀྱི་བྱ་བར་རེ་བ་ལྔ་བཏོན། གཅིག་ནས་སྣེ་ཁྲིད་དེ་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་སྣེ་ཁྲིད་དེ་སྤྱོད་སྟངས་བསྒྱུར་དགོས། གསུམ་ནས་སྣེ་ཁྲིད་དེ་སྒྲིག་ལམ་བརྩི་སྲུང་བྱེད་དགོས། བཞི་ནས་སྣེ་ཁྲིད་དེ་འགན་འཁྲི་ལ་བློ་དཀར་དགོས། ལྔ་ནས་རྩ་འཛུགས་བྱས་ནས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་དུ་སྤེལ་བའི་དག་ཐེར་བཅོས་སྐྱོང་བྱ་བ་དངོས་འབེབས་བྱེད་དགོས་པ་དང་། ལམ་ལུགས་འཛུགས་ཞོར་དུ་ལོ་སྟོད་དུ་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་དང་ཟུང་དུ་སྦྲེལ་ནས། ད་ལོའི་བྱ་བ་གཙོ་བོར་སྤྱི་བསྡོམས་བྱེད་པ་དང་། ཕྱོགས་གཉི་ག་འཛིན་པ། ཕྱོགས་གཉི་ག་འགོར་འགྱངས་སུ་མི་གཏོང་བ་དང་། ཕྱོགས་གཉི་གར་ཡར་སྐུལ་བྱས་ནས། བྱ་བའི་དོན་དངོས་ཀྱི་ཕན་འབྲས་ལྡན་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག