མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:28

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཆ་འཕྲིན་འཛད་སྤྱོད་བྱ་བ་ཡར་སྐུལ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཚད་གཞི་རང་བཞིན་གྱི་ཡིག་ཆ་གཏན་འབེབས་དང་ཇུས་གཞི་བྱེད་ཐབས་འཆར་ཟིན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་གསལ་འབྱེད་སྲོལ་ཡིག་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། མཚོ་སྔོན་གྱི་ཆ་འཕྲིན་འཛུགས་སྐྲུན་བྱེད་པ་དང་། ཆ་འཕྲིན་འཛད་སྤྱོད་ཡར་སྐུལ་བྱེད་པ་དེ་ནི་དཔལ་འབྱོར་རྣམ་པ་བསྒྱུར་བའི་བྱ་བར་ཡར་སྐུལ་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཆ་འཕྲིན་གྱིས་དམངས་ལ་ཕན་ཁེ་བསྐྲུན་པའི་བྱ་བ་མངོན་འགྱུར་བྱེད་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་བྱ་བར་ཡར་སྐུལ་བྱས་ནས། མཚོ་སྔོན་གྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་གཅིག་གྱུར་དང་ངོས་ཟིན་ཇེ་མཐོར་བཏང་ནས། ཤུགས་ཆེན་པོས་ཁྱད་སྟོབས་བཟང་བོ་འདོན་སྤེལ་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་ཆ་འཕྲིན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་ཇེ་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་ཞབས་ཕྱིའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཐད་ལ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཅིག་ནས་མཚོ་སྔོན་གྱི་ཆ་འཕྲིན་འཛུགས་སྐྲུན་བྱས་ནས། ཆ་འཕྲིན་འཛད་སྤྱོད་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་གྲངས་ཀ་ཅན་གྱི་མཚོ་སྔོན་བཟོ་སྐྲུན་ལག་བསྟར་བྱས་ནས། ཆ་འཕྲིན་འཛད་སྤྱོད་ཀྱི་བཀོལ་སྤྱོད་བྱ་བར་ཡར་སྐུལ་བྱེད་དགོས། གསུམ་ནས་ཞབས་ཕྱིའི་ལས་རིགས་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱས་ནས། ཆ་འཕྲིན་འཛད་སྤྱོད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བཞི་ནས་དྲ་རྒྱའི་ཆ་འཕྲིན་གྱི་བདེ་འཇགས་དོ་དམ་བྱ་བ་ཇེ་བརྟན་དུ་བཏང་ནས། བདེ་འཇགས་དང་ཡིད་ཆེས་ཀྱི་ཆ་འཕྲིན་འཛད་སྤྱོད་ཁོར་ཡུག་ཅིག་འཛུགས་དགོས་པར་མ་ཟད། མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཚད་གཞི་རང་བཞིན་གྱི་ཡིག་ཆ་གཏན་འབེབས་དང་ཇུས་གཞི་བྱེད་ཐབས་འཆར་ཟིན་སོགས་དུས་ཚོད་དམ་འཛིན་བྱས་ནས་བཟོ་བཅོས་བྱས་ཏེ་མྱུར་དུ་པར་བསྐྲུན་འགྲེམ་སྤེལ་བྱེད་པར་འཐད་པ་བྱུང་།

གྲོས་ཚོགས་ནས་ད་རུང་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་གསལ་འབྱེད་སྲོལ་ཡིག་འཆར་ཟིན་དེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལ་གྲོས་ཞིབ་བྱེད་དུ་སྤྲོད་པར་རྩ་དོན་ཐོག་ནས་འཐད་པ་བྱུང་།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག