མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་ས་འགུལ་གནོད་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་ཕྱོགས་ཡོངས་ནས་འགྲུབ་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲོ་སོང་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཅུ་བཏང་ནས་འཛུགས་སྐྲུན་བྱས་པའི་འདམ་ཟེགས་སྔོན་འགོག་གི་ཆུ་རྐ་བཅོ་བརྒྱད་དང་བརྟན་འཇགས་མིན་པའི་ལ་གཟར་བཟོ་སྐྲུན་བཞི་ལེགས་འགྲུབ་བྱུང་དང་། ལོ་གསུམ་རང་འབད་བརྩོན་བྱས་པ་བརྒྱུད། ཡུལ་ཤུལ་ས་འགུལ་གནོད་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་བདེ་བླག་ངང་ཡོངས་འགྲུབ་བྱས། ཡུལ་ཤུལ་ས་འགུལ་གནོད་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་ནི་ཡུལ་ཤུལ་ལ་ས་འགུལ་བྱུང་རྗེས་ཞིང་ཆེན་རྒྱལ་ཁུངས་ཐོན་ཁུངས་ཐིན་གྱིས་ལས་འགན་ཁུར་བའི་བཟོ་སྐྲུན་གཙོ་བོ་ཞིག་ཡིན་པས། རི་ཉིལ་བ་དང་གཏན་འཇག་མིན་པའི་ལ་གཟར་སོགས་ཉེན་ཁ་མང་པོ་སེལ།

ཡུལ་ཤུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་ནི་ལག་རྩལ་གྱི་རེ་བ་མཐོ་ཞིང་། བྱ་བའི་ལས་ཚད་དང་ཁྱབ་ཁོངས་ཆེ་ལ་དུས་ཚོད་མང་པོ་མེད་པའི་བཟོ་སྐྲུན་ཞིག་ཡིན། ཞིང་ཆེན་རྒྱལ་ཁུངས་ཐོན་ཁུངས་ཐིན་གྱིས་ས་གཤིས་གནོད་འཚེ་སྔོན་འགོག་འགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ནས། དུས་ལྟར་དུ་ས་གཤིས་གནོད་འཚེ་སྔོན་འགོག་རྩད་ཞིབ་དང་ཇུས་འགོད། ལས་གཞི་སུས་འཇོན་དེ་འགུག་བྱས་ནས་ཡུལ་དངོས་སུ་ཡུལ་ཤུལ་ས་གཤིས་གནོད་འཚེ་སྔོན་འགོག་བཟོ་སྐྲུན་བཀོད་འདོམས་པུའུ་བཙུགས་པ་དང་། བཟོ་སྐྲུན་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བདུན་པར་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་དང་དེའི་མཐའ་འཁོར་ས་ཁུལ་ལ་འཕྲོ་རིམ་འཕྲོར་དྲག་ཆར་བབས་ཤིང་། ནང་སྒོས་སུ་ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་དགོང་མོ་དང་ཚེས་བདུན་ཉིན་གྱི་ཉིན་གུང་བར་དུ་སྐྱེ་རྒུ་གྲོང་རྡལ་ལ་ལོ་ངོ་སུམ་ཅུའི་རིང་ལ་བྱུང་མ་མྱོང་བའི་དྲག་ཆར་ཆེན་པོ་བབས་ནས་གཏོར་བརླག་རང་བཞིན་གྱི་ཆུ་ལོག་བཞུར་ནའང་། ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་གྱི་ཆུ་རགས་གསུམ་པོས་ནུས་པ་ཐོན་ཡོད་པས། ས་དེར་མི་སྣ་ཤི་རྨས་དང་དཔལ་འབྱོར་གྱི་གྱོང་གུད་ཐེབས་པའི་གནས་ཚུལ་བྱུང་མེད། ཡིན་ནའང་ཆུ་ལོག་བརྒྱུགས་པའི་ཚུན་ལ་ཆུ་རྐ་བཅུ་བདུན་ནས་ཆུ་ལོག་བཞུར་ཏེ་ཉམས་མྱོང་ཆེན་པོ་ཐོབ་ཏུ་བཅུག

ཉེ་ལམ། གསར་འགོད་པ་ས་གཤིས་གནོད་འཚེ་སྔོན་འགོག་བཟོ་སྐྲུན་གྱི་ཡུལ་དངོས་སོང་བ་ན། བཟོ་སྐྲུན་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་བཞག་ནས། དཔལ་ཡོན་ལྡན་པའི་ངང་ནས་ཨར་ལས་བྱེད་པ་དང་ལས་ཀ་ལས་ཚར་རྗེས་འཁོར་ཡུག་སླར་གསོའི་བྱ་བ་ལེགས་པོར་བསྒྲུབས་ནས་སྐྱེ་ཁམས་འཁོར་ཡུག་ལའང་སྲུང་སྐྱོབ་བཟང་པོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག