མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་སྤྱི་ཟླ10བའི་ཚེས15ཉིན་གྱི་སྔ་དྲོར་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་བཀོད་སྒྲིག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་སྔོན་གྱི་ཟླ་དགུའི་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་བྱས་ནས། ད་ལོའི་བྱ་བ་གལ་ཆེན་ལ་བཀོད་སྒྲིག་དང་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཀྲུང་དབྱང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་བོད་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་འདོད་བློ་ལ་བརྩི་བཀུར་བྱེད་པའི་རྩ་དོན་ལག་བསྟར་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ཐད་བཅངས་པའི་རེ་བ་གལ་ཆེན་གསལ་བོར་མཚོན་ཡོད་ལ། ང་ཚོར་མཚོ་སྔོན་བཅོས་སྐྱོང་བྱེད་པའི་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རང་རྟོག་དང་དཔའ་ངར་ཞུམ་མེད་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། སྲུང་སྐྱོང་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བཟང་བོ་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

གྲོས་ཚོགས་ནས་ད་ལོའི་སྔོན་གྱི་ཟླ་དགུའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དུས་ཚིགས་བཞི་བའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། གྲོས་ཚོགས་ནས་བསྟན་དོན། ད་ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་གནས་བབ་ཆེན་མོ་ཁོང་དུ་ཆུད་པར་བྱས་པ་དང་། རང་འགུལ་གྱིས་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་མུ་མཐུད་དུ་སྤྱི་ཁོག་བརྟན་བརླིང་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཞིག་མངོན་ཡོད་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ནས་བཟུང་སྟེ་སང་ལོའི་བྱ་བ་དང་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་ལ་འཆར་གཞི་བཟང་བོ་འཐེན་དགོས་པ་དང་། ནང་སྒོས་སུ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། མཁར་གྲོང་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་པའི་ཐད་ལ་ཞིབ་འཇུག་བྱེད་དགོས་ཟེར།

གྲོས་ཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཀྲང་གོ་ཧྲིན་ཁུན་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ལག་བསྟར་བསམ་འཆར་དང་བྱེད་ཐབས་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་འཕེལ་རིམ་ཡར་ཞུ་བྱས་པར་ཉན་ནས། བསྐྱར་འཛུགས་བྱ་བར་བླངས་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་བྱས་པ་མ་ཟད་ད་རུང་འབད་བརྩོན་ཆེན་པོས་ད་ལོའི་ཟླ་བཅུ་བའི་ཟླ་མཇུག་སྔོན་གྱི་བྱ་བའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན། གྲོས་ཚོགས་ནས་ད་རུང་བསྐྱར་འཛུགས་བྱ་བའི་མཇུག་མཐའི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་ཞིབ་མོ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག