མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཀྱང་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གྱུར་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-17 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱངོ་ཁུལ་པད་མ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ལྟ་བུ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་ས་ཁུལ་གྱི་ལྟེ་གནས་སུ་ཆགས་ཡོད། ས་གནས་འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་དེ་འབུར་ཐོན་གྱི་གནས་སུ་བཞག་ནས། ཉེ་བའི་ལོ་འདི་དག་གི་རིང་ལ་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་མུ་མཐུད་དུ་ཇེ་མང་དུ་སོང་ཞིང་། ཤ་བ་དང་གཉན། སྤྲེའུ་སོགས་ནགས་ཁྲོད་དུ་འཚོ་སྡོད་བྱེད་བཞིན་ཡོད་པས་སྨར་སྐེད་ལྷས་ནགས་ཁུལ་གྱི་མཛེས་ལྗོངས་གསར་བ་ཞིག་ཏུ་གྱུར་ཡོད།

སྤྱི་ཟླ10བའི་ཚེས10ཉིན། གསར་འགོད་པས་པད་མ་རྫོང་སྨར་སྐེད་ལྷས་ནགས་ཁུལ་དུ་བཅར་འདྲི་བྱེད་སྐབས། རི་དྭགས་གཉན་ཁྱུ་ཞིག་ཆུ་འགྲམ་དུ་ཡོད་པ་མཐོང་། ཆུ་འགྲམ་གྱི་བརླན་སའི་ཁྲོད། མིང་འདོགས་མི་ཐུབ་པའི་ཆུ་བྱ་སྣ་ཚོགས་ཀྱང་གང་འདོད་དུ་འཕུར་བཞིན་ཡོད་ལ། གཞུང་ལམ་འགྲམ་གྱི་ནགས་ཁྲོད་དུ་ནགས་བྱི་དག་ཅི་དགར་རྩེན་བཞིན་ཡོད་པ་དང་། རྒྱང་རིང་གི་བྲག་ལྡེབས་ངོས་སུ་སྤྲེའུ་ཕར་ལྡིང་ཚུར་མཆོངས་བྱེད་བཞིན་ཡོད་པས། རི་བོ་མཛེས་ཤིང་ཆུ་མོ་དྭངས་གཙང་གི་ས་ཁུལ་འདིས་ང་ཚོར་རང་བྱུང་འཆམ་མཐུན་གྱི་རི་མོ་ལྟ་བུ་ཞིག་སྤྱན་སྔར་བཀྲམས།

གསར་འགོད་པས་པད་མ་རྫོང་ནགས་ལས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་བཟོ་འགོད་སྣ་ཚོགས་ལག་བསྟར་བྱས་པ་དང་བསྟུན། པད་མ་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཞིང་། མངའ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིགས་སྣ་རིམ་བཞིན་ཇེ་མང་དུ་གྱུར། ཤ་བ་དང་སྤྲེའུ། གཟིག ཕག་རྒོད་སོགས་མཐོང་དཀོན་པའི་སྲོག་ཆགས་དང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་དག་ནགས་ཁྲོད་དུ་མཐོང་ཐུབ།

པད་མ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་པའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནགས་གཅོད་པ་དང་གསེར་བརྐོ་བ་ནི་སྔོན་ཆད་པད་མ་རྫོང་གི་གཙོ་ཁྲིད་ཁེ་ལས་ཡིན་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཆེད། ནགས་གཅོད་མཁན་དང་གསེར་བརྐོ་མཁན་ནི་ནགས་སྲུང་བ་དང་ཆུ་ཁུངས་སྲུང་སྐྱོང་ལས་བཟོ་བ་དག་ཡིན། ལྷག་པར་དུ་ཏང་དང་སྲིད་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱས་རྗེས། སྲུང་སྐྱོང་ཁུལ་གྱི་ལྟེ་གནས་སུ་ཆགས་པའི་པད་མ་རྫོང་གིས་ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་དང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྣམ་པ་ཞིག་གྲུབ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག