མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཀྲུང་བོད་ལུགས་སྨན་རྫས་ཞབས་ཞུ་རྫོང་རིམ་པ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-10-14 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ས་ཁུལ46དུ་ཀྲུང་བོད་ལུགས་སྨན་ཁང་འཛུགས་སྐྲུན་བྱས་ཡོད་ལ། ཞིང་ཆེན་རིམ་པ་ནས་རྫོང་རིམ་པའི་བར་གྱི་ཕྱོགས་བསྡུས་སྨན་ཁང་སོ་སོ་ནས་ཀྲུང་བོད་ལུགས་གསོ་རིག་ཚན་ཁག་བཙུགས་ཡོད་པས། ཀྲུང་བོད་ལུགས་སྨན་རྫས་ཞབས་ཞུ་དེ་རྫོང་རིམ་པ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད།

2009ལོར་སྨན་བཅོས་ལམ་ལུགས་ལག་བསྟར་བྱས་པའི་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་སྨན་རྫས་ཚང་མ་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་ཏུ་བཅུག་པ་དང་། ནན་ཏན་སྒོས་ཀྲུང་བོད་ལུགས་སྨན་རྫས་དེ་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་གཞི་རྩའི་སྨན་རྫས་མིང་ཐོ་ནང་འཇུག་པ་དང་། ཀྲུང་ལུགས་མི་རིགས་སྨན་རྫས་དེ་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་རྩིས་ཞུ་ཁྱབ་ཁོངས་སུ་འཇོག་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་བོད་ལུགས་སྨན་རྫས་ཀྱི་སྟབས་བདེ་དང་རིན་གོང་དམའ་བ་སོགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རོང་འབྲོག་པ་མང་ཚོགས་ཀྱི་སྨན་ཉོ་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་།

ད་ལོའི་སྤྱི་ཟླ7པ་ནས་བཟུང་། མཚོ་སྔོན་གྱིས2011ལོའི་ཁ་གསབ་སྨན་རྫས་ཀྱི་གཞི་རྩའི་མིང་ཐོའི་རྨང་གཞིའི་སྟེང་ཡང་བསྐྱར་ཀྲུང་བོད་ལུགས་སྨན་རྫས130གསར་སྣོན་བྱས་ལ། དེས་གསར་བསྣན་སྨན་རྫས་ཀྱི65%ཟིན་ཡོད་པས། གཞི་རིམ་དུ་ཀྲུང་བོད་ལུགས་སྨན་རྫས་བཀོལ་སྤྱོད་བྱེད་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། དུས་མཚུངས་སུ་མཚོ་སྔོན་གྱིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དུ་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་བཅོས་བསྒྱུར་ཁྱབ་གདལ་དུ་བཏང་།

སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ9བའི་བར་དུ། མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར1.2བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཀྲུང་ལུགས་མི་རིགས་སྨན་བཅོས་བརྟག་ཆས་ཁྲི2ལྷག་ཆ་སྡེབ་བྱས་ཤིང་། ཉེ་བའི་ལོ་གསུམ་རིང་བསྡོམས་པས་གཞི་རིམ་གྱི་ཀྲུང་བོད་ལུགས་ཀྱི་རྐང་འཛིན་སྨན་པ2000ལྷག་གསོ་སྐྱོང་བྱས་པ་དང་། ཀྲུང་བོད་ལུགས་ཀྱི་སྨན་པ200ལ་གསོ་སྦྱོང་བྱས།

མིག་སྔར། མཚོ་སྔོན་ཞིང་ཆེན་ལ་བསྡོམས་པས་རྒྱ་བོད་སོག་རིགས་ཀྱི་སྨན་པ4710ཡོད་པ་དང་། ཀྲུང་བོད་ལུགས་སྨན་ཁང46དུ་ཞག་སྡོད་ནད་པའི་མལ་ཁྲི2020བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི70%ཡན་གྱི་གཞི་རིམ་སྨན་བཅོས་ལས་ཁུངས་སུ་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དང་། ཀྲུང་བོད་ལུགས་སྨན་ཁང་གཙོ་བྱས་པ་དང་། ཤང་སྡེ་དང་འཚོ་སྡོད་ཁུལ་གྱི་འཕྲོད་བསྟེན་ལས་ཁུངས་རྨང་གཞི་བྱས་པའི་རིམ་པ་མང་བའི་སྨན་བཅོས་ཞབས་ཞུ་མ་ལག་ཞིག་ཐོག་མར་ཆགས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག