མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་སྟོན་དུས་ཆེན་གྱི་སྔོན་དག་དག་ལ། ལོ་ཧོས་ཉིན་ཡུལ་ཤུལ་ཁུལ་དུ་སོང་སྟེ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་པ་དང་གོ་རིམ་རྗེས་མའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:32

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ་བསྐྱར་འཛུགས་མཇུག་བསྡུའི་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་པ་དང་། ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས་ཏེ། གོ་རིམ་རྗེས་མའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པར་མ་ཟད། རྒྱ་ཆེའི་འཛུགས་སྐྲུན་མི་སྣ་དང་རིགས་སོ་སོའི་མང་ཚོགས་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

མིག་སྔར། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་ཕྱོགས་ཡོངས་ནས་ལས་མགོ་བརྩམས་པ་དང་། ལས་གཞི་བརྒྱ་ཆའི་གོ་དགུ་ལྷག་ལས་ནས་འགྲུབ་ཡོད། འགྲུབ་མེད་པའི་ལས་གཞི་བཅུ་གཅིག་བྲེལ་མྱུར་སྒོས་མཇུག་བསྡུའི་བྱ་བ་བསྒྲུབ་བཞིན་ཡོད་ལ། ཟླ་བཅུ་བའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་རྒྱུ་རེད། རྒྱ་བཟའ་ཀོང་ཇོའི་རྗེས་དྲན་ཁང་དང་། ས་འགུལ་གནོད་སེལ་རྒུད་སྐྱོབ་རྗེས་དྲན་ཁང་སོགས་ནི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཞིག་རེད། ད་ལྟ་ལམ་ལས་པ་དང་ལྗང་བསྒྱུར་གྱི་བྱ་བ་སྒྲུབ་བཞིན་ཡོད། ས་གང་དུ་ཐོན་ཚེ་ལོ་ཧོས་ཉིན་གྱིས་ལྟ་ཞིབ་ནན་མོ་བྱས་པར་མ་ཟད། བཟོ་སྐྲུན་མི་སྣ་དང་མཉམ་དུ་ཁ་བརྡ་བྱས། ཁོས་སྟོབས་ཤུགས་ཡོད་དགུས་མཇུག་བསྡུའི་བྱ་བ་བཟང་བོར་བསྒྲུབ་པ་དང་། བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱས་ནས། ཟླ་བཅུ་བའི་ཟླ་མཇུག་བར་དུ་བསྐྱར་འཛུགས་བྱ་བའི་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་འགྲུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཐོན་ལས་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་དང་གྲོང་ཁྱེར་ལ་དོ་དམ་བཟང་བོ་བྱེད་རྒྱུ་ནི་ལོ་ཧོས་ཉིན་གྱིས་རྟོག་ཞིབ་བྱེད་པའི་བྱ་བ་གཙོ་བོའི་ནང་གི་གཅིག་རེད། ཁམས་པའི་ཡུལ་སྲོལ་སྲང་ལམ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། ལོ་ཧོས་ཉིན་གྱིས་བཤད་རྒྱུར། མང་ཚོགས་ཀྱི་ལས་སྤེལ་ལ་སྐུལ་མ་བཏང་སྟེ། སྟོབས་ཤུགས་ཡོད་དགུས་ཚོང་ལས་ཉོ་ཚོང་དང་གནས་སྐོར་སོགས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར། གེ་སར་ཐང་ཆེན་ལ་རྟོག་ཞིབ་བྱེད་སྐབས་ལོ་ཧོས་ཉིན་གྱིས་བཅོས་བསྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་ལ་དོ་དམ་བཟང་བོ་བྱེད་པ་དང་། ཚོང་ར་ཅན་དུ་བསྒྱུར་བར་ཧུར་ཐག་སྒོས་ཁྲིད་སྟོན་བྱེད་དགོས་པར་མ་ཟད། གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྲོལ་གཏན་འཁེལ་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ལོ་ཧོས་ཉིན་དང་ཧའོ་ཕུན་གཉིས་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། ཝང་ཞའོ་ཆིན་དང་བསྟན་ཁོ། མཱ་ཧྲུན་ཆིན། ཁྲིན་ལིས་ཧྭ་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་ད་ལོའི་བསྐྱར་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཅིག་ནས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་བརྟན་པོ་བཅངས་དགོས་པ་དང་། གཉིས་ནས་མང་ཚོགས་ལ་རྩ་འཛུགས་དང་སྐུལ་སློང་བྱེད་དགོས། གསུམ་ནས་མགོ་ཁྲིད་ལ་དངོས་སུ་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འགྲུབ་མེད་པའི་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱས་ནས། སྟོབས་ཤུགས་ཡོད་དགུས་བསྐྱར་འཛུགས་ལས་གཞི་མཇུག་བསྡུའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག