མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་མཁར་ལ་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་བའི་སྐོར་གྱི་ཐག་གཅོད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-09-28 09:52

        ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་

        སློབ་གྲོགས་རྡོ་རྗེ་མཁར་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་

         སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་བའི་སྐོར་གྱི་ཐག་གཅོད།

               (2013ལོའི་ཟླ9པའི་ཚེས25ཉིན།)

  རྡོ་རྗེ་མཁར། ཕོ། བོད་རིགས། 1996ལོའི་ཟླ6པའི་ཚེས11ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་སྐྱེས། འཚོ་གཞེས་གནང་བའི་སྐབས་སུ་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཚོགས་ཁག་གི་ཅང་ཧན་རྡོ་སྣུམ་མཐོ་རིམ་ལག་རྩལ་སློབ་གྲྭའི2012ལོའི་རྡོ་སྣུམ་ཆེད་ལས་ཀྱི་འཛིན་གྲྭ་དང་པོའི་སློབ་མ་རེད། 2013ལོའི་ཟླ9པའི་ཚེས15ཉིན་ཆུ་ནང་ལ་ལྷུང་བའི་སློབ་གྲོགས་སྐྱོབ་ཆེད་ཧན་ཅང་ཞེས་པའི་གཙང་བོའི་ནང་བྱིང་ནས་ཚེ་ལས་འདས།

  2013ལོའི་ཟླ9པའི་ཚེས15ཉིན་གྱི་ཉིན་གུང་། སློབ་གྲོགས་རྡོ་རྗེ་མཁར་དེ་སློབ་གྲྭ་གཅིག་ནས་ཡིན་པའི་སློབ་གྲོགས་ཝང་ཧེ་ཡེ་དང་ཀྲང་ཝུན་ཡུས། ཏུའུ་ཡུན་ཀའོ། རིག་འཛིན་ལྷུན་གྲུབ། ཞོས་མིན་ཡའོ། ཁྲུན་ཚུང་ཅེ་བཅས་མི6པོ་ཧའོ་པེ་ཞིང་ཆེན་ཆཱན་ཅང་གྲོང་ཁྱེར་ཧན་ཅང་གི་དར་དམར་གྲུ་ཁར་རྩེད་དུ་སོང་། ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀ་ཡས་མས་སུ་ཝང་ཧེ་ཡེ་དང་ཞོས་མིན་ཡའོ་གཉིས་ཀྱིས་ཆུ་ཁར་རྐང་པ་འཁྲུད་དུས་ཡིད་འཇོག་མ་བྱས་པར་ཆུ་ནང་ལ་ལྷུང་ཞིང་། ཤི་གསོན་གྱི་འགག་རྩར་ཐུག་དུས་རྡོ་རྗེ་མཁར་ལགས་དེ་མ་ཉིད་དུ་ཆུ་ནང་ལ་མཆོང་ནས་མི་བསྐྱབས་པ་དང་། སློབ་གྲོགས་རྣམས་ཀྱིས་ཧུར་ཐག་འབད་ཐག་བྱས་པར་བརྟེན་ནས་བུ་མོ་དེ་གཉིས་ཆུ་ལས་བསྐྱབས་ཐུབ་བྱུང་མོད། དུས་དེར་སློབ་གྲོགས་རྡོ་རྗེ་མཁར་གྱིས་ལུས་སྟོབས་ཉམས་པ་དང་རྐྱལ་རྩལ་ལ་བྱང་མེད་པའི་རྐྱེན་གྱིས་ཆུ་ནང་ལ་བྱིང་བས། ལོ་ན་གཞོན་ཞིང་རིན་ཐང་གཞལ་ཡས་པའི་ཚེ་སྲོག་དེ་ཕངས་མེད་དུ་སྦྱིན་པ་རེད།

  སློབ་གྲོགས་རྡོ་རྗེ་མཁར་གྱིས་ཤི་གསོན་གྱི་གནད་ལ་ཐུག་དུས་རང་སྲོག་བློས་སུ་བཏང་ནས་གཞན་སྲོག་བསྐྱབས་པའི་རླབས་ཆེ་བའི་བྱ་གཞག་དེ་ནི་ཡིད་སེམས་འགུལ་ཞིང་གུང་བཀུར་བྱེད་དགོས་པ་ཞིག་རེད། ཁོང་གི་སྤྱོད་བཟང་དེས་རང་དོན་ཐེར་ལ་དོར་ནས་གཞན་དོན་མཆོག་ཏུ་སྒྲུབ་པའི་བླ་མེད་སྙིང་སྟོབས་དེ་མངོན་པར་མཚོན་ལ། ཁོང་གིས་མི་རིགས་མཐུན་སྒྲིལ་དང་བོད་རྒྱ་ཁྱིམ་གཞིས་གཅིག་པའི་བསྟོད་གླུ་བླངས་ཤིང་། དེ་ནི་རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་སྔོན་ཐོན་ས་ཁུལ་གསར་བསྐྲུན་བྱེད་པའི་བྱ་འགུལ་ཁྲོད་བྱུང་བའི་སྔོན་ཐོན་གྱི་དཔེ་མཚོན་ཞིག་ཡིན་པ་རེད། འདི་འདྲའི་སྲོལ་བཟང་དང་བདེན་ཐོག་དཔའ་བསྐྱེད་ཀྱི་སྙིང་སྟོབས་དར་སྤེལ་བྱ་ཆེད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གྲོགས་རྡོ་རྗེ་མཁར་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་རྗེས་གསོལ་གནང་།

  བདེན་ཐོག་དཔའ་བསྐྱེད་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་བོའི་སྲོག་ཤིང་ཏུ་གྱུར་པའི་རིན་ཐང་ཞིག་ཡིན་ཞིང་། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གོང་སྤེལ་གྱི་བསམ་བློའི་ཉིང་བཅུད་དང་དུས་རབས་ཀྱི་དགོངས་སྙིང་གི་མངོན་མཚོན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་བདེ་འཇགས་འཆམ་མཐུན་གྱི་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་བརྗོད་བྱ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་གྲོགས་རྡོ་རྗེ་མཁར་གྱི་སྔོན་ཐོན་མཛད་རྗེས་དེ་མིག་དཔེར་བཟུང་ནས། ཁོང་གི་བདེན་ཐོག་དཔའ་བསྐྱེད་དང་ཚེ་སྲོག་བློས་གཏོང་གི་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཁོང་གི་མཐུན་སྒྲིལ་མཛའ་བརྩེ་དང་སྒེར་སེམས་ཐེར་ལ་བོར་བའི་གཤིས་བཟང་ལ་སློབ་སྦྱོང་བྱེད་དགོས་པ། ཁོང་གི་གཞན་དོན་ལྷུར་ལེན་དང་བློས་སུ་གཏོང་ཕོད་པའི་ཀུན་སྤྱོད་མཆོག་གྱུར་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་ལྟ་བ་དམ་པོར་བཟུང་སྟེ། རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློའི་རྟིང་གཞི་མུ་མཐུད་དུ་སྲ་བརྟན་དུ་བཏང་བར་བརྒྱུད། སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཆེན་པོ་དང་། གོང་སྤེལ་ཆེན་པོ། དར་སྤེལ་ཆེན་པོའི་དབྱངས་རྟ་གཙོ་བོ་གསལ་བོར་གྱེར་ནས། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་སྔོན་ཐོན་ས་ཁུལ་གསར་བསྐྲུན་གྱི་བྱ་འགུལ་གཏིང་མཐའ་གཉིས་སུ་སྤེལ་བ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཤིས་བཟང་དར་སྤེལ་དང་འཆམ་མཐུན་མཉམ་བསྐྲུན་བྱས་ཏེ། སྤྱི་ཚོགས་ཀྱི་དགེ་བའི་ནུས་པ་བརྒྱུད་སྤེལ་དང་སྤྱི་ཚོགས་ཀྱི་སྲོལ་གསར་དར་སྤེལ་དུ་བཏང་ཐོག མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས། འཆམ་མཐུན་གོང་སྤེལ་ལ་སྐུལ་སྤེལ་བྱས་ནས་མཚོ་ལྷོ་དེ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་སྔོན་ཐོན་ས་ཁུལ་དུ་བསྐྲུན་པར་ཧུར་ཐག་བྱ་དགོས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག