མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཞིང་ས་མུའུ་འབུམ་གཉིས་ཆུ་མར་སྒྱུར་རྒྱུ་ཡིན་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱིའི་འགྲོ་སོང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བདུན་ཡིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་ཆུ་འདྲེན་ཨར་ལས་ལས་གཞི་ལ་མིག་སྔར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆོག་མཆོད་བཀོད་པ་དང་། དེ་ལས་ལ་ཟེ་བ་ཆུ་འདྲེན་ལས་གཞི་དེ་དོན་དམ་དུ་ལག་བསྟར་བྱེད་པའི་ལས་ལ་ཞུགས་པ་མཚོན། ལས་གཞི་དེས་ཁྲི་ཀ་རྫོང་གི་རྨ་སྲིབ་དང་རྨ་ནུབ། རྨ་ཤར། འཕྲང་དམར། ཀབ་རོན་གཞུང་བཅས་ཞང་དང་གྲོང་བརྡལ་ལྔའི་སྲིད་འཛིན་སྡེ་བ་གྱ་བདུན་གྱི་ཞིང་ས་མུའུ་འབུམ་གཉིས་ལྷག་ལ་ཆུ་འདྲེན་པར་ཕྱོགས་ཡོངས་ནས་ཚོད་འཛིན་བྱེད་རྒྱུ་དང་། རོང་འབྲོག་མང་ཚོགས་ཁྲི་བརྒྱད་དང་ཕྱུགས་ཟོག་འབུམ་གཉིས་དང་ཁྲི་གཉིས་ལྷག་ལ་ཕན་འདོགས་རྒྱུ་རེད།

ཁྲི་ཀ་རྫོང་གི་རྨ་ཆུའི་ལྷོ་འགྲམ་ས་འགུལ་དུ་ཆུ་དཀོན་པའི་གནད་དོན་རྩ་བ་ནས་ཐག་གཅོད་པ་དང་། ལ་ཟེ་བ་ཆུ་མཛོད་སྨད་རྒྱུད་ཀྱི་ཐར་ཐོར་དུ་གནས་པའི་ཆུ་མའི་ས་ཁུལ་དེ་གཅིག་བསྡུས་ཀྱིས་ཆུ་འདྲེན་པའི་ས་ཁུལ་སྒྱུར་ཆེད། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱིས་ལ་ཟེ་བའི་ཆུ་འདྲེན་ལས་གཞི་དེ་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་རྒྱབ་སྐྱོབ་དང་རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམངས་འཚོའི་ཆུ་བེད་ལས་གཞི་གཙོ་བོ་དེ། ཆུ་བེད་པུའུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་ཁྲི་ཀའི་དེང་རབས་ཆུ་བེད་དཔེ་སྟོན་རྫོང་དུ་སྒྱུར་བའི་འཆར་འགོད་ཅེས་པའི་གྲས་སུ་བཀོད།

ལས་གཞི་དེའི་འཛུགས་སྐྲུན་བྱེད་ཡུན་ལོ་ལྔ་ཡིན་པ་དང་། ཆུ་རྐ་གཙོ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ང་གསུམ་དང་ལྷག་ཡོད་པ་དང་། ཡན་ལག་ཆུ་རྐ་ཉེར་བརྒྱད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་གོ་གཉིས་ལྷག་ཡོད། དམངས་ཕན་ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས། རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་ཞིང་སར་ཆུ་འདྲེན་པ་ཁག་ཐེག་བྱེད་ཐུབ་པའི་མཉམ་དུ། རྫོང་ཡོངས་ཀྱི་ནགས་ཚལ་བསྐྲུན་པའི་གཞི་ཁྱོན་རིམ་གྱིས་རྒྱ་བསྐྱེད་དེ། ཁྲི་ཀ་བའི་སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་འགྱུར་ངེས།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ། ཆུ་འདྲེན་སྦུག་ལམ་དང་ཨར་ལས་བགྲོད་ལམ། གློག་བཀོད་སྐུད་ལམ་དང་བཅས་པའི་ལས་གཞི་དེའི་སྔོན་སྒྲུབ་རྨང་གཞིའི་སྒྲིག་ཆས་གྲ་སྒྲིག་བྱས་ཚར་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག