མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ལས་ཀའི་ཁྲོད་རྨས་ཕོག་པའི་ལས་བཟོ་བའི་འཚོ་བའི་ཁ་གསབ་དང་ལས་ཀའི་ཁྲོད་སྲོག་ཤོར་བའི་ལས་བཟོ་བའི་ཁྱིམ་མིའི་འཚོ་སྐྱོང་ཚད་གཞི་ལ་ལེགས་སྒྲིག་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-23 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་རྨས་ལས་བཟོ་བ་དང་ལས་ཀའི་ཁྲོད་སྲོག་ཤོར་བའི་ལས་བཟོ་བའི་ཁྱིམ་མིའི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་འཐད་པ་བྱུང་བ་བརྒྱུད་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ནོར་སྲིད་ཐིན་གྱིས་ལས་རྨས་ཉེན་སྲུང་གི་འབྲེལ་ཡོད་ཐོབ་བྱར་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས2013ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་རྨས་ལས་བཟོ་བའི་རྨས་སྐྱོན་ཁ་གསབ་དང་། འཚོ་བའི་ནད་གཡོག་རིན་པ། ཁྱིམ་མིའི་འཚོ་སྐྱོང་གི་གཟིགས་སྐྱོང་དངུལ་གྱི་འབྲེལ་ཡོད་ཐོབ་བྱ་ལ་ལེགས་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལས་རྨས་ཉེན་སྲུང་གི་འབྲེལ་ཡོད་ཐོབ་བྱའི་ལེགས་སྒྲིག་ནི། 2012ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་དུ་ལས་རྨས་བྱས་པ་དང་རྨས་སྐྱོན་ཐེབས་ཚད་རིམ་པ་དང་པོ་ནས་དྲུག་པར་གཏན་འཁེལ་བྱས་པར་མ་ཟད། ཟླ་ལྟར་རྨས་སྐྱོན་ཁ་གསབ་དང་འཚོ་བའི་ནད་གཡོག་རིན་པ་ལེན་བཞིན་པའི་ལས་རྨས་ལས་བཟོ་བ་དང་། ཟླ་ལྟར་ལས་ཀའི་ཁྲོད་རང་སྲོག་ཤོར་བའི་ལས་བཟོ་བའི་ཁྱིམ་མིའི་གཟིགས་སྐྱོང་དངུལ་ལེན་བཞིན་པའི་མི་ལ་ཁ་གཏད་ནས་ལེགས་སྒྲིག་བྱས་པ་རེད།

ཐེངས་འདིར་ལེགས་སྒྲིག་བྱས་པའི་ལས་རྨས་ཉེན་སྲུང་གི་ཐོབ་བྱ་དེ2013ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་བརྩིས་ཏེ་སྟེར་རྒྱུ་རེད། ཐོབ་བྱར་ལེགས་སྒྲིག་བྱས་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ལས་རྨས་ཕོག་ནས་ལོ་མང་པོ་འགོར་བའི་ལས་བཟོ་བ་དང་ལས་རྨས་ཕོག་མ་ཐག་པའི་ལས་བཟོ་བ་གཉིས་བར་གྱི་ཐོབ་བྱའི་ཁྱད་ལྷག་ཇེ་ཆུང་དུ་བཏང་། ལས་རྨས་ཉེན་ཚབ་ཁྲོད་ཞུགས་ཡོད་པའི་ལས་བཟོ་བའི་ཐོབ་བྱའི་དངུལ་དེ་ལས་རྨས་ཉེན་སྲུང་ཐེབས་རྩས་སྟེར་བ་དང་། དེའི་ཁྲོད་རིམ་པ་ལྔ་བ་དང་རིམ་པ་དྲུག་པའི་རྨས་སྐྱོན་ཕོག་པའི་ལས་རྨས་ལས་བཟོ་བའི་རྨས་སྐྱོན་ཁ་གསབ་དངུལ་དེ་ལས་ཁུངས་ཀྱིས་སྟེར་རྒྱུ་རེད། ལས་རྨས་ཉེན་ཚབ་ཁྲོད་ཞུགས་མེད་པའི་ལས་བཟོ་བའི་རྨས་སྐྱོན་ཁ་གསབ་དངུལ་དེ་ལས་ཁུངས་ཀྱིས་སྟེར་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག