མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏ་ཐུང་རྫོང་ལ་དྲག་ཆར་ཆེན་པོ་བབས་ནས་ཆུ་ལོག་གི་གནོད་འཚེ་ཐེབས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས21ཉིན་གྱི་དུས་ཚོད་བཅོ་བརྒྱད་དང་སྐར་མ་སོ་བརྒྱད་ཀྱི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཏ་ཐུང་རྫོང་ལ་དྲག་ཆར་ཆེན་པོ་བབས་ནས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས།

ཆུ་ལོག་གི་གནོད་འཚེ་ཐེབས་རྗེས། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བྱ་བ་དེར་ཧ་ཅང་མཐོང་ཆེན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོ་པེན་གྱིས་ཉིན་དེའི་དུས་ཚོད་ཉེར་གཅིག་ཡས་མས་སུ་ཏང་ཐུང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཧན་ཧྲིན་ཚེ་ལ་ཁ་པར་བཏང་ནས་གནོད་འཚེའི་གནས་ཚུལ་དྲིས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་པའི་མཛུབ་སྟོན་བྱས། ཟི་ལིང་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཝང་ཡུས་པོ་ཡིས་གནས་ཚུལ་དེ་གོ་རྗེས། ཟི་ལིང་གནམ་གྲུ་ཐང་ནས་མྱུར་དུ་ཏ་ཐུང་རྫོང་ལ་སོང་ནས་གནོད་སེལ་བྱ་བར་མཛུབ་སྟོན་བྱས། ཝང་ཡུས་པོ་ཡིས་གཅིག་ནས་སྟོབས་ཤུགས་ཡོད་རྒུས་ཉེན་སེལ་བྱ་བ་བཟང་པོར་སྒྲུབ་དགོས། གཉིས་ནས་ཉེན་ཁར་ཐུག་པའི་ཞིང་བ་ཁྱིམ་ཚང་མྱུར་དུ་གནས་སྤར་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ད་ལྟའི་བར་དུ་དྲག་ཆར་ལས་ཏ་ཐུང་རྫོང་ལེང་ཅོ་ཞང་ཀན་ཀུག་ཞོལ་མ་སྡེ་བའི་ཁྱིམ་ཚང་ཉི་ཤུ་ལྷག་དང་། ཆོ་ཐུག་གྲོང་རྡལ་ནགས་རའི་ལྷོ་ལམ་གྱི་སྔོ་ཚོད་སྡེབ་འཚོང་ཚོང་ར། ཏ་ཐུང་རྫོང་ས་བོན་ས་ཚིགས་སོགས་ལ་ཆུ་ལོག་བརྒྱུགས། དེས་མི་ཚད་ཆུ་ལོག་ཁྲོད་ནས་རི་ཉིལ་བའི་གནོད་འཚེ་བྱུང་བ་དང་། གནོད་འཚེ་དེ་བྱུང་རྗེས། ཏ་ཐུང་རྫོང་གིས་དུས་ཐོག་ཏུ་མི་དྲུག་བརྒྱ་དང་དགུ་ཅུ་རྩ་འཛུགས་བྱས་ནས་མང་ཚོགས་གནས་སྤར། ད་ལྟ་རྫོང་ཡོངས་སུ་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་བྱུང་མེད། ཞང་དང་གྲོང་རྡལ་སོ་སོས་མྱུར་སྐྱོབ་བྱ་བ་དང་ཉེན་སེལ་བྱ་བ་སྤེལ་བཞིན་པ་དང་། གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པའི་སྒང་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག