མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བྱེད་པའི་བཀོད་འདོམས་པུའུ་ཡིས་བྲེལ་མྱུར་བརྡ་ཐོ་བཏང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-26 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་ལོག་སྔོན་འགོག་བྱ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བྱེད་པའི་བཀོད་འདོམས་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བྲེལ་མྱུར་བརྡ་ཐོ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་ལོག་སྔོན་འགོག་སྡེ་ཁག་གིས་འགན་འཁུར་དངོས་འབེབས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། ལས་འགན་གསལ་བོ་བྱེད་པ། བདེ་འཇགས་ངང་ཆུ་ལོག་སྔོན་འགོག་བྱ་བར་ཁག་ཐེག་བྱས་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཉེ་ལམ་མཚོ་ལྷོ་དང་མཚོ་བྱང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཆར་ཐེངས་མང་པོར་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་སྟེ། མི་གཅིག་ཚེ་ལས་འདས་པ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་ཆུ་བེད། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་ཐད་ལ་གྱོང་གུད་ཆེན་པོ་ཐེབས། གནམ་གཤིས་བརྟག་དཔྱད་ཁང་གིས་བརྟག་དཔྱད་བྱས་པ་ལྟར་ན། ད་ལོར་ན་ནིང་དང་བསྡུར་ན་ཆར་ཆུ་ཅུང་མང་བས་ཆུ་ལོག་འབྱུང་བའི་གནས་ཚུལ་ཅུང་ཚབས་ཆེ།

ད་ལྟ་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ཆར་ཆུ་མོད་པའི་དུས་ཡིན་པས། བརྡ་ཐོའི་ནང་དུ་རིམ་པ་སོ་སོའི་ཆུ་ལོག་དང་ཐན་སྐམ་སྔོན་འགོག་ལས་ཁུངས་ཀྱིས་ནན་ཏན་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་བྱས་ནས། ཆུ་ལོག་སྔོན་འགོག་བྱ་བའི་གལ་ཆེན་རང་བཞིན་གྱི་ངོས་ཟིན་ཇེ་མཐོར་གཏོང་དགོས་པ་དང་། ཆུ་ལོག་སྔོན་འགོག་བྱ་བའི་དགོས་གཏུག་རང་བཞིན་དང་འགན་འཁུར་རང་བཞིན་ཇེ་དྲག་ཏུ་བཏང་ནས། ཆུ་ལོག་སྔོན་འགོག་དང་། ཆུ་ལོག་ཆེན་པོ་སེལ་བའི་བྱ་བར་རྐང་ཚུགས་ཏེ། དཀའ་སྤྱད་ཀྱིས་ལྷོད་གཡེང་གི་བསམ་བློ་ཁྱད་དུ་གསོད་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱེད་པ། དངོས་འབེབས་བྱ་བ་དམ་འཛིན་བཅས་བྱས་ནས། ཆུ་ལོག་སྔོན་འགོག་བྱེད་པའི་བྱེད་ཐབས་སྣ་ཚོགས་དམ་འཛིན་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བཏོན།

བརྡ་ཐོ་ལས་ད་རུང་ནན་གྱིས་བསྟན་དོན། ས་གནས་སོ་སོས་ཆུ་ལོག་སྔོན་འགོག་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་བྱ་བ་ནན་ཏན་སྒོས་སྤེལ་ནས། རི་ཉིལ་བ་དང་ཆུ་ལོག་སོགས་ཀྱི་རང་བྱུང་གི་གནོད་འཚེ་བྱ་བར་དོགས་ཟོན་བྱེད་དགོས་པ་དང་། ཆུ་རྐ་གཙང་དག་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ། ཆུ་མཛོད་ཀྱི་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པ། ཆུ་ལོག་འབྱུང་སྐབས་ཀྱི་ལས་རེས་བྱ་བ་དང་ཆ་འཕྲིན་བརྡ་གཏོང་བྱ་བར་ཤུགས་སྣོན་དགོས་པ་དང་། ཆུ་ལོག་བྱུང་སྐབས་ཀྱི་བདེ་འཇགས་བྱ་བར་ཁག་ཐེག་བྱས་ནས། བདེ་འཇགས་ཐོན་སྐྱེད་བྱ་བ་ཡར་སྐུལ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག