མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་སྤྱོད་སྟངས་བཟང་བོར་བརྟེན་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དམ་འཛིན་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་ཉན་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ཐད་ལ་རེ་བ་གསལ་བོ་བཏོན། ཁོས་ཀྲུང་དབྱང་གི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། གྲ་སྒྲིག་བྱ་བ་སྣ་ཚོགས་སྔར་ལས་དམ་འཛིན་བྱེད་དགོས་པ་དང་། སྤྱོད་སྟངས་བཟང་བོར་བརྟེན་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དམ་འཛིན་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ལོ་ཧོས་ཉིན་གྱིས་བསྟན་དོན། ཀྲུང་དབྱང་གི་ཡིག་ཆ་བཞི་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། དགོངས་དོན་ལག་ལེན་ནན་མོ་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བའི་སྟེང་དུ་གཅིག་གྱུར་བྱེད་དགོས། ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་སོ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཨུ་དང་ནང་སྒོས་སུ་འགན་འཁུར་བློ་མཐུན་གཙོ་བོས་སེམས་ལྷོད་ལ་བབས་ནས། དུས་ཚོད་དམ་འཛིན་བྱེད་དགོས་པ་དང་། འགན་འཁྲི་དང་དུ་བླངས་ནས་རང་རྟོག་གིས་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ལས་ཁུངས་སོ་སོས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། མགོ་ཁྲིད་ལས་ཁུངས་འཛུགས་པ་དང་། རྟོག་ཞིབ་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ལས་ཁུངས་ཀྱི་བྱ་བའི་ཇུས་གཞི་དང་ཟུང་སྦྲེལ་དམ་པོ་བྱས་ནས། ད་ལོའི་ཟླ་བདུན་པའི་ཟླ་སྟོད་དུ་སྐུལ་སློང་བཀོད་སྒྲིག་བྱ་བ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དུས་རྒྱུན་གྱི་བྱ་བའི་རྨང་གཞིའི་སྟེང་། སྤྱོད་སྟངས་འཛུགས་སྐྲུན་བྱེད་དགོས་པ་དང་། ཆེད་དོན་དབྱེ་ཞིབ་བྱ་བར་བཀོད་སྒྲིག་བྱེད་པ། འབུར་ཐོན་གནད་དོན་ཁོང་དུ་ཆུད་པར་བྱས་ནས། སྤྱོད་སྟངས་དར་སྤེལ་བྱེད་པའི་སྙིང་སྟོབས་ཀྱིས་སྤྱོད་སྟངས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་ཡོངས་ཀྱི་ལས་བྱེད་པས་གཞན་གྱིས་ཐེངས་གཅིག་ལ་འབད་ན། རང་གིས་ཐེངས་བཅུར་འབད་པའི་སྙིང་སྟོབས་དར་སྤེལ་བྱས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཐད་ནས་ཕན་འབྲས་བཟང་བོ་ལེན་དགོས་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཕྱོགས་གཉིས་ཀ་འཛིན་པ་དང་། ཡར་སྐུལ་གཉིས་འཛིན་པའི་རེ་བ་གསལ་བོར་བཏོན། དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ཧ་ཅང་ལྗིད་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། དེང་སྐབས་ཀྱི་གནས་ཚུལ་ལ་རྐང་འཛུགས་པ་དང་། སྤྱོད་སྟངས་བཟང་བོར་བརྟེན་ནས་ལས་འགན་སྣ་ཚོགས་དམ་འཛིན་བྱས་ཏེ། ད་ལོའི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག