མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གྲོས་ཚོགས་བསྡུས་ཏེ། 2013ལོའི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བལྟས་ན། མྱུར་དུ་བཅོས་བསྒྱུར་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱ་བར་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་གཞིར་བཟུང་ནས། ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་བྱ་བ་སྣ་ཚོགས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་དང་མཁར་གྲོང་གི་ཁྱིམ་ཐོ་ལམ་ལུགས། དམངས་འཚོ་བཟོ་སྐྲུན་ཁ་ཤས་དངུལ་ལོར་ཅན་དུ་བསྒྱུར་བ། གཏེར་ལས་དབང་ཆར་དོ་དམ་བྱེད་པ། སྐྱེ་ཁམས་ཁ་གསབ་ལམ་ལུགས་བཅོས་བསྒྱུར་བྱེད་པ་སོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་མ་ཟད། བཅོས་བསྒྱུར་བྱ་བ་ཁ་ཤས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསླེབས་ཡོད་པར་སྙམ།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་གཞིར་བཟུང་སྟེ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། གསར་སྐྲུན་བྱ་བ་དམ་འཛིན་བྱེད་པ། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ནས། ཁྱབ་ཁོངས་གལ་ཆེན་དང་ཕྱོགས་གཙོ་བོའི་བཅོས་བསྒྱུར་བྱ་བ་མྱུར་དུ་བསྒྲུབ་སྟེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་བརྟན་བརླིང་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྒྲིག་གཞིའི་རྨང་གཞི་དང་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བདུན་ཐད་ཀྱི་བཅོས་བསྒྱུར་བྱ་བ་གཙོ་བོ་གཏན་ལ་ཕབ་པ་སྟེ། གཅིག་ནི་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་དང་། གཉིས་ནི་ནོར་ཁྲལ་སྒྲིག་གཞི་བཅོས་བསྒྱུར། གསུམ་ནི་དངུལ་ལོར་སྒྲིག་གཞི་བཅོས་བསྒྱུར། བཞི་ནི་རོང་འབྲོག་ཕྱོགས་ཀྱི་བཅོས་བསྒྱུར། ལྔ་ནི་མཁར་གྲོང་ཅན་དང་མཁར་གྲོང་གཞི་གཅིག་ཅན་གྱི་འབྲེལ་ཡོད་བཅོས་བསྒྱུར། དྲུག་ནི་དམངས་འཚོར་ཁག་ཐེག་བྱེད་པའི་ཕྱོགས་ཀྱི་སྒྲིག་གཞི་བཅོས་བསྒྱུར། བདུན་ནི་ཐོན་ཁུངས་ཅན་གྱི་ཐོན་རྫས་དང་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་བཅོས་བསྒྱུར་བཅས་ཡིན་ཟེར།

ཚོགས་ཐོག་ནས་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་བཅོས་བསྒྱུར་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་གྱི་ངོས་འཛིན་སྔར་ལས་མཐོར་འདེགས་སུ་བཏང་སྟེ། དུས་ལྟར་གོང་གི་བཅོས་བསྒྱུར་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག