ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་སྐབས་བརྒྱད་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཉིན་མོར་མཚོ་སྔོན་ཞིང་ཆེན་གསར་འགྱུར་དང་རིག་གནས་དཔེ་སྐྲུན་ཐིན་གྱིས་ཞིང་ཆེན་རིམ་པའི་སྐོར་དང་པོའི་མིང་བཏགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་གནས་གཞི་བཅོ་ལྔ་ལ་སྒོ་བྱང་བྱིན་པ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དེ་བོད་སྨན་སྨན་ལུམས་བཅོས་ཐབས་དང་བོད་སྨན་ཁྲག་གཏར་བཅོས་ཐབས་ཀྱི་རྒྱུད་འཛིན་གནས་གཞིའི་གྲས་སུ་བཞག
ལོ་མང་བོའི་རིང་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བོད་སྨན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡིག་ཐོག་སྙན་ཞུ་བྱ་བར་གཙིགས་འཛིན་བྱས་ཏེ། སེམས་ཞིབ་མོས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས། བོད་སྨན་གྱི་བཅོས་ཐབས་དང་ལག་རྩལ་སྣ་ཚོགས་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་འཇོག་པའི་ཡིག་ཐོག་སྙན་ཞུ་ཕུལ། 2008ལོར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་རྩ་འཛུགས་དང་ཡིག་ཐོག་སྙན་ཞུ་བྱས་པའི་བོད་སྨན་སྨན་ལུམས་བཅོས་ཐབས་དེ་མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་བཞག་པ་དང་། བོད་སྨན་ཁྲག་གཏར་བཅོས་ཐབས་དེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་བཞག གཟུགས་འདས་རིག་གནས་ཀྱི་ཡིག་ཐོག་སྙན་ཞུ་ཡིས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་ཤེས་བྱར་ཟིན་ཐོ་བཀོད་པ་བརྒྱུད་ནས། བོད་སྨན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིན་ཐང་དང་ཁེ་ཕན་ལ་ཁས་ལེན་དང་བརྩི་འཇོག་བྱེད་པ་མངོན་འགྱུར་བྱས་པ་དང་། བོད་ལུགས་གསོ་རིག་གི་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་དང་སྲོལ་རྒྱུན་བོད་སྨན་གྱི་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་དཀའ་གནད་ཐག་གཅོད་བྱས། །