མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་དཔའ་ལུང་རྫོང་ཚེ་མགུར་གྲོང་རྡལ་གྱི་ཁྲིམས་ལྟར་གནས་སྤོར་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-14 09:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གནས་ཚུལ་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། མཚོ་ཤར་ས་ཁུལ་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིས་ཡུང་ཞིན་གྱིས་སྨྱན་བྱེད་པར་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་གི་སྤྱི་ཟླ6པའི་ཚེས5ཉིན་ཚེ་མགུར་གྲོང་རྡལ་ཞིང་ཁྱིམ་གསུམ་གྱི་སྡོད་ཁང་ཁྲིམས་ལྟར་གནས་སྤོར་བྱས་པའི་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས།

སྤྱི་ཟླ6པའི་ཚེས5ཉིན། དཔའ་ལུང་རྫོང་གིས་ཚེ་མགུར་གྲོང་རྡལ་ཞང་ཏུང་སྡེ་བའི་མྰ་ཨར་ག་གེ་མོ་ཁྱིམ་ཚང་ལ་ཁྲིམས་ལྟར་གནས་སྤོར་བྱེད་སྐབས། ཁྱིམ་དེའི་ཁྱིམ་མིས་སྔོན་ལ་གྲ་སྒྲིག་བྱས་ཡོད་པའི་གཤེར་གྱུར་དབུགས་རྫ་མེར་བསྒྲོན་པ་དང་། སྤྱི་བདེ་མི་སྣས་མྱུར་ཏུ་བྱེད་ཐབས་སྤྱད་དེ་བྲེལ་མྱུར་ངང་ཡུལ་དངོས་སུ་སོང་སྟེ་དབུགས་རྫའི་ཁ་བརྒྱབ་པས་མེ་སྐྱོན་ལ་ཚོད་འཛིན་བྱས་ཤིང་། དུས་མཚུངས་སུ་ཁྲིམས་འགལ་གྱི་མི5འཛིན་བཟུང་བྱས་པ་དང་། སོ་སོར་ཁྲིམས་ལྟར་ཉིན15ལ་བཀག་ཉར་བྱས། ཉིན་དེར། མྰ་ཡིའུ་ག་གེ་མོའི་གཞི་མ་དང་དེའི་ཉེ་འཁོར་དག་ཁྲིམས་ལྟར་གནས་སྤོར་བྱེད་སྐབས། ཁྲིམས་འགལ་གྱི་དོགས་ཡོད་ཉེས་ཅན་མི3གྱིས་བཀག་འགོག་དང་སྡུག་དམོད་ཐེབས་པས། སོ་སོར་ཁྲིམས་ལྟར་ཉིན15ཡི་བཀག་ཉར་བྱས།

རྒྱུས་ལོན་པ་ལྟར་ན། དཔའ་ལུང་རྫོང་ཚེ་མགུར་གྲོང་རྡལ་གྱི་འཛུགས་སྐྲུན་འཆར་འགོད་ལྟར་ན། ཚེ་མགུར་གྲོང་རྡལ་ཞང་ཏུང་སྡེ་བའི་རྨོ་ཞིང་དང་སྡོད་ཁང་ཚང་མ་བསྡུ་ལེན་བྱེད་དགོས་ཤིང་། སྡོད་ཁང་གནས་སྤོར་གན་རྒྱ་བཞག་པའི་ཁྱིམ་ཚང110དང་གནས་སྤོར་བཀོད་སྒྲིག་བྱས་པའི་ཁྱིམ་ཚང101ཡོད། སྡེ་བ་དེའི་མྰ་ཨར་ག་གེ་མོ་སོགས་ཁྱིམ་ཚང3གནས་སྤོར་མ་བྱས་པས་འཆར་འགོད་ལྟེ་གནས་ཁུལ་གྱི་སྲིད་འཛིན་གཞུང་ལམ་གསུམ་གྱི་འཛུགས་སྐྲུན་ལོ་བཞི་ཙམ་ལ་འགོར་འགྱངས་བྱས་ཤིང་། གྲོང་ཁྱེར་གྱི་ཆུ་འདོན་སྦུག་ལམ་བཀག་འགོག་དང་འཆར་འགོད་འཛུགས་སྐྲུན་བྱས་པའི་སྡོད་དམངས་བཀོད་སྒྲིག་ཁུལ་སོགས་ཀྱི་ལས་གཞི་དུས་ལྟར་འཛུགས་སྐྲུན་བྱེད་པར་འགོར་འགྱངས་བྱས།

2009ལོའི་ཚུན་ནས་བཟུང་། དཔའ་ལུང་རྫོང་གིས་གནས་སྤོར་ལ་ཡིད་མཐུན་མ་བྱུང་བའི་ཁྱིམ་ཚང3ལ་དྲིལ་སྒྲོག་དང་འགྲེལ་བཤད། སྐུལ་སློང་སོགས་ཀྱི་བྱ་བ་མང་པོ་སྒྲུབ་པ་མ་ཟད། ཁྱིམ་ཚང3ལ་སྡེ་གསར་ཁུལ་དུ་ར་བསྐོར་བཀོད་སྒྲིག་བྱས་ལ། ཁ་གསབ་བཀོད་སྒྲིག་བྱེད་ཐབས་ལྟར2011ལོའི་སྤྱི་ཟླ7པའི་ཚེས28ཉིན་ས་དེའི་ཡིད་རྟོན་ཁང་གིས་ཁྱིམ་ཚང3ལ་མི་སྒེར་གྱི་རྩིས་ཐོའི་སྟེང་སྒོར་མོ་བྱིན་པ་དང་། ལོ་དེའི་སྤྱི་ཟླ9བའི་ཚེས13ཉིན་ཡི་གེའི་རྣམ་པས་ཁྱིམ་ཚང3ལ་སྡེ་གསར་ཁུལ་གྱི་ར་བསྐོར་གྱི་ས་མཚམས་ཕྱེས་པ་མ་ཟད། ཁྲིམས་མཐུན་གྱི་ཁེ་དབང་དང་འོས་འགན་འགྲེལ་བཤད་བྱས་ཡོད།

 ཞིང་ཁྱིམ3གནས་སྤོར་ལ་ཡིད་མཐུད་མ་བྱུང་བས། དཔའ་ལུང་རྫོང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ་ཡིས་ཁྱིམ་ཚང3པོར་ས་ཞིང་བསྡུ་ལེན་ཐག་གཅོད་ཡི་གེ་བསྐྱལ་བ་མ་ཟད། དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དུས་བཅད་ནང་གོ་རིམ་ལག་བསྟར་བྱེད་དགོས་པའི་སྙན་ཞུ་ཕུལ། གོ་རིམ་ལག་བསྟར་བྱས་རྗེས། ཞིང་ཁྱིམ3པོ་སྔར་བཞིན་གནས་མ་སྤར་ལ། མཇུག་མཐར་དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དུས་བཅད་དང་མཚོ་ཤར་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས། ད་ལོའི་སྤྱི་ཟླ6པའི་ཚེས5ཉིན་ཞིང་ཁྱིམ3པོའི་སྡོད་ཁང་ཁྲིམས་ལྟར་བཤིག་སྤོར་བྱེད་རྒྱུ་ཐག་བཅད།

སྤྱི་ཟླ6པའི་ཚེས5ཉིན། དཔའ་ལུང་རྫོང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སྤྱི་བདེ། ཁྲིམས་འཛིན། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ་སོགས་ལས་ཁུངས21དང་ཚེ་མགུར་གྲོང་རྡལ་གྱི་ལས་བྱེད་པ་བཅས་ཀྱིས་ཆེད་དམིགས་བྱ་བའི་ཚན་ཆུང་རྩ་འཛུགས་བྱས། དཔའ་ལུང་རྫོང་ཁྲིམས་ཁང་གིས་གནས་སྤོར་གོ་རིམ་ཁྲོད་ཀྱི་རྒྱུ་ནོར་ལ་ཐོ་འགོད་བྱེད་པའི་སྐབས་སུ། དཔའ་ལུང་རྫོང་ཁྲིམས་འཛིན་ཅུའུ་བདེན་དཔང་ཁྲུའུ་ཡིས་ཁྲིམས་ལྟར་ཡུལ་དངོས་ཀྱི་བདེན་དཔང་ཆ་ཚང་ཡིན་པར་བདེན་དཔང་བྱས། གནས་སྤོར་གོ་རིམ་དེ་དཔའ་ལུང་རྫོང་མི་དམངས་དམངས་འཐུས་ཚོགས་ཆེན་དང་སྲིད་གྲོས་ཨུ་ཡོན་ལྷན་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་མི15ཡིས་ལྟ་རྟོག་འོག་ལག་བསྟར་བྱས་ཤིང་། ཁྲིམས་འཛིན་མི་སྣས་ལག་བསྟར་གོ་རིམ་ཁྲོད་གྱོད་དོན་མི་སྣ་དང་འགལ་བ་བྱུང་མེད།

སྤྱི་ཟླ6པའི་ཚེས5ཉིན། དཔའ་ལུང་རྫོང་གིས་ཞིང་ཁྱིམ3གྱི་སྡོད་ཁང་ལ་ཁྲིམས་ལྟར་བཤིག་སྤོར་བྱས་རྗེས། ཚེ་མགུར་གྲོང་རྡལ་གྱི་གླ་གཏོང་སྡོད་ཁང་དུ་གནས་སྐབས་སུ་བཀོད་སྒྲིག་བྱས་པ་མ་ཟད། ཞིང་ཁྱིམ3གྱི་ཁྱིམ་མི་རེར་ཟླ་རེར་སྒོར180ཡི་བར་བརྒལ་ཁ་གསབ་བྱས་ལ། མི་རེར་ལོ་རེར་སྒོར600ཡི་དྲོད་ལེན་ཁ་གསབ་བྱས།

ཡོངས་བསྒྲགས་ཚོགས་འདུ་ལ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཡུས་ཧྥིན་གྱིས་འགོ་འཛིན་བྱས་པ་དང་། དཔའ་ལུང་རྫོང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་ཉིན་དེའི་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྨྱན་བྱེད་དང་། ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་བྱེད་ལས་ཁུངས་གཙོ་བོ། ཕྱི་རྒྱལ་གྱི་གསར་འགྱུར་སྨྱན་བྱེད་སྐོར་ཞིག་ཉིན་དེའི་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག