མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཀྱིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་བློ་མཐུན་མིན་ཅན་ཀྲུའུ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་ལ་དམ་པོར་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་རེ་བ་གསར་བ་ཧུར་ཐག་སྒོས་བསྐོང་བར་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ནས། མི་དམངས་བདེ་སྡོད་ལས་བརྩོན་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ཡིན་པ། རྒྱལ་ཁབ་ཡུན་རིང་བརྟན་འཇགས་ཡོང་བ་བཅས་ལ་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པ་བསྟུན་ནས། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་དགོས་མཁོ་དང་ཁྲིམས་སྐྱོང་དགོས་མཁོ་དེ་བྱ་བའི་རྐང་འཛུགས་སར་བརྩིས་ཏེ། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་མཐོང་ཆེན་བྱེད་བཞིན་པ་དང་། བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་རུང་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་སོ་སོའི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་ཉན། ཝང་ལིན་ཅོན་གྱིས་ཉེ་ལམ་གྱི་བྱ་བ་གཙོ་བོ་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་བཏོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལིག་ཀྲི་ཆང་གྲོས་ཚོགས་སུ་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག