མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཐུན་རིན་རྫོང་གི5.30དོན་རྐྱེན་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་དོགས་ཡོད་ཉེས་ཅན་གཙོ་བོས་ཉེས་སྐྱོན་རང་ཞུ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-13 11:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གནས་ཚུལ་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་དང་། ཐུན་རིན་རྫོང་གི་རྫོང་དཔོན་པད་མ་རིག་འཛིན་གྱིས་སྨྱན་བྱེད་ཡོངས་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི5.30ཉིན་གྱི་དོན་རྐྱེན་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས།

ད་ལོའི་སྤྱི་ཟླ5བའི་ཚེས30ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བློན་ཆེ་ཤང་བློན་ཆེན་སྡེ་བ་དང་བློན་ཆེན་རོང་སྡེ་བ། གཉན་ཐོག་ཤང་ཤ་སྦྲང་སྡེ་བ་བཅས་ཀྱི་བར་དབྱར་རྩྭ་དགུན་འབུ་བསྐོ་བའི་ཁེ་ཕན་འགལ་བ་བྱུང་ནས5.30ཉིན་གྱི་མེ་མདས་མི་བསད་པའི་དོན་རྐྱེན་བྱུང་སྟེ། མི་གཉིས་ཤི་བ་དང་མི་གཉིས་ལ་རྨས་ཕོག  མིག་སྔར། དོགས་ཡོད་ཉེས་ཅན་གཙོ་བོས་ཉེས་སྐྱོན་རང་ཞུ་བྱས་ཤིང་། མེ་མདའའང་གཞུང་བཞེས་བྱས་ཡོད།

ཡོངས་བསྒྲགས་ལྟར་ན། བློན་ཆེ་ཤང་བློན་ཆེན་སྡེ་བ་དང་བློན་ཆེན་རོང་སྡེ་བ་དང་གཉན་ཐོག་ཤང་ཤ་སྦྲང་སྡེ་བའི་བར་ལ་དུས་རབས་སྔོན་མའི་ལོ་རབས90བའི་ནང་དབྱར་རྩྭ་དགུན་འབུ་བསྐོ་བའི་འགལ་བ་རྒྱུན་ཆད་མེད་པར་བྱུང་ཡོད། 2011ལོའི་སྤྱི་ཟླ4བར་དབྱར་རྩྭ་དགུན་འབུ་བསྐོ་སྐབས་རྒྱག་རེས་བྱས་པའི་དོན་རྐྱེན་བྱུང་མྱོང་། དེའི་རྗེས་སུ་ཐུན་རིན་རྫོང་གིས་ཆེད་དམིགས་ཀྱི་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ཏེ་འགལ་བའི་འབྱུང་རྐྱེན་དང་འགལ་བའི་གཙོ་གནད་སོགས་ཀྱི་དམིགས་ནས་ཕན་ཚུན་མང་ཚོགས་བར་མཐུན་སྦྱོར་གྱིས2012ལོའི་སྤྱི་ཟླ4བའི་ཚེས26ཉིན་གྲོས་མཐུན་ལ་མིང་རྟགས་བཀོད་དུ་བཅུག་ནས། དབྱར་རྩྭ་དགུན་འབུ་བསྐོ་བར་ཐུན་མོང་གི་ཡིད་མཐུན་བྱུང་ཡོད་པས། ལོ་དེར་མང་ཚོགས་ཕན་ཚུན་བར་ལ་དབྱར་རྩྭ་དགུན་འབུ་བསྐོ་བའི་ཐད་ནས་འགལ་ཟླ་ཅི་ཡང་བྱུང་མེད།

ཐུན་རིན་རྫོང་གིས་སྔར་ཡོད་ཀྱི་བྱ་བའི་རྨང་གཞི་སྟེང་མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་སྒྲོག་སློབ་གསོ་གཙིགས་སུ་བཟུང་སྟེ། མང་ཚོགས་བར་གྱི་འཆམ་མཐུན་ལ་སྐུལ་འདེད་བཏང་བ་མ་ཟད། ད་ལོའི་དབྱར་རྩྭ་དགུན་འབུ་བསྐོ་ལ་ཉེ་དུས་རྫོང་རིམ་པའི་ལས་བྱེད་པ3གྱིས་བྱ་བའི་ཚན་ཆུང་ལ་སྣེ་ཁྲིད་དེ་དབྱར་རྩྭ་དགུན་འབུ་བསྐོ་བའི་ཡུལ་དངོས་སུ་བཅའ་སྡོད་བྱས་ནས་སྒྲིག་ལམ་ལ་སྲུང་སྐྱོང་བྱས། ཡིན་ནའང་ཤ་སྦྲང་སྡེ་བའི་སྡེ་མི་ཁ་ཤས་ཀྱིས་གྲོས་མཐུན་འགོད་པའི་སྐབས་སུ་ཡུལ་དངོས་སུ་མེད་པའི་རྒྱུ་མཚན་ལ་ཁ་གཡར་ཏེ་ཡིད་མཐུན་མ་བྱུང་བ་མ་ཟད། མང་ཚོགས་ལ་རྩོད་གཞི་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་བསྐོ་བར་ངན་སྐུལ་བྱས་པས་སྡེ་བ་གཉིས་བར་གྱི་འགལ་བ་ཛ་དྲག་ཏུ་བཏང་།

ད་ལོའི་སྤྱི་ཟླ5བའི་ཚེས30ཉིན་གྱི་དུས་ཚོད6གི་སྟེང་། བློན་ཆེ་ཤང་གི་བློན་ཆེན་སྡེ་བ་དང་བློན་ཆེན་རོང་སྡེ་བའི་མང་ཚོགས་ཀྱིས་རྩོད་གཞི་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་བསྐོས། བཅའ་སྡོད་བྱས་པའི་ལས་བྱེད་ཚན་ཆུང་གིས་ཕྱོགས་གཅིག་གནས་ཤུགས་ཆེན་པོས་བློན་ཆེན་ཤང་གི་བློན་ཆེན་སྡེ་བ་དང་བློན་ཆེན་རོང་སྡེ་བའི་མང་ཚོགས་མགྱོགས་མྱུར་ངང་ཕྱིར་འགྲོ་བར་སློབ་གསོ་ཁ་ཏ་བཏང་བ་དང་། ཕྱོགས་གཅིག་གནས་གཉན་ཐོག་ཤང་ཤ་སྦྲང་སྡེ་བའི་མང་ཚོགས་དག་རྩོད་གཞི་ས་ཁུལ་དུ་མི་འགྲོ་བར་ཁ་ཏ་བྱས། ས་ཁུལ་དེའི་རི་མཐོ་ལ་ལུང་བ་ཟབ་པས་ཤ་སྦྲང་སྡེ་བའི་སྡེ་མི་ཁ་ཤས་སྔར་བཞིན་ལ་ཁ་ཏར་མ་ཉན་པར་རྩོད་གཞི་ས་ཁུལ་གྱི་རི་མཐོ་ས་ཞིག་ཏུ་འགོས། ཉིན་དེའི་དུས་ཚོད15ཡས་མས་སུ་དབྱར་རྩྭ་དགུན་འབུ་བསྐོ་བའི་ཡུལ་དངོས་སུ་མེ་མདས་མི་བསད་པའི་དོན་རྐྱེན་བྱུང་སྟེ། བློན་ཆེན་ཤང་གི་མི2ཤི་བ་དང་མི2ལ་རྨས་ཕོག

ཐུན་རིན་རྫོང་གི་ཡུལ་དངོས་བཅའ་སྡོད་ལས་བྱེད་ཚན་ཆུང་གིས་དུས་ལྟར་ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་ལ་དོན་རྐྱེན་ཡར་ཞུ་བྱས་ཏེ། ཤུགས་ཆེན་པོས་མང་ཚོགས་ལ་ཁ་ཏ་བྱེད་པའི་བྱ་བ་བསྒྲུབས། ཐུན་རིན་རྫོང་གིས་ཏང་དང་རྫོང་ཏང་ཨུ་སྲིད་གཞུང་གི་མཛུབ་སྟོན་ལྟར། བྲེལ་མྱུར་ངང་རྫོང་དཔོན་དང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མངགས་ཏེ་སོ་སོར་བློན་ཆེན་ཤང་དང་ཤ་སྦྲང་སྡེ་བ་ཕྱིན་ནས་འོས་འཚམ་གྱིས་དོན་རྐྱེན་ཐག་གཅོད་བྱས། བློན་ཆེན་ཤང་གི་མང་ཚོགས་དུས་ལྟར་ཡུལ་དངོས་ནས་ཕྱིར་འཐེན་བྱས་ལ། ཤ་སྦྲང་སྡེ་བའི་མང་ཚོགས་ཉིན་དེའི་དུས་ཚོད23དང་སྐར་མ30སྟེང་ཚང་མ་ཕྱིར་འཐེན་བྱས།

དོན་རྐྱེན་བྱུང་རྗེས། ཐུན་རིན་རྫོང་གིས་ཆེད་དམིགས་ཀྱི་ཉེས་དོན་ཚན་ཆུང་རྩ་འཛུགས་བྱས་ཏེ། དོགས་ཡོད་ཉེས་ཅན་མི་སྣས་ཉེས་སྐྱོན་རང་ཞུ་བྱེད་པར་སྐུལ་སློང་དང་། རྫོང་ཡོངས་ཁྱབ་ཁོངས་སུ་མེ་མདའ་གཞུང་བཞེས་བྱེད་པའི་བྱ་བ་བསྒྲུབས་ནས་ཤུགས་ཆེན་པོས་དོན་རྐྱེན་མྱུལ་ཞིབ་འདྲི་གཅོད་བྱས། ཐུན་རིན་རྫོང་གིས་དུས་ལྟར་རྫོང་ཡོངས་སུ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དང་དོན་རྐྱེན་མྱུལ་ཞིབ་འདྲི་གཅོད་རྡུང་རྡེག གཞི་རིམ་རྩ་འཛུགས་དག་ཐེར། མེ་མདའ་གཞུང་བཞེས་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ། མིག་སྔར། དོགས་ཡོད་ཉེས་ཅན་གཙོ་བོས་ཉེས་སྐྱོན་རང་ཞུ་བྱས་ཡོད་ལ། མེ་མདའང་གཞུང་བཞེས་བྱས་ཡོད་པས། དོན་རྐྱེན་ལ་མྱུལ་ཞིབ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན།

ཡོངས་བསྒྲགས་ཚོགས་འདུ་ལ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཡུས་ཧྥིན་གྱིས་འགོ་འཛིན་བྱས་ཤིང་། རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཐུན་རིན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཅང་ཧྲུའུ་ཁྲིན་དང་རྫོང་དཔོན་པད་མ་རིག་འཛིན་སོགས་ཉིན་དེའི་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས། ཀྲུང་དབྱང་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྨྱན་བྱེད་དང་། ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་བྱེད་ལས་ཁུངས་གཙོ་བོ་དང་ཕྱི་རྒྱལ་གྱི་སྨྱན་བྱེད་སྐོར་ཞིག་ཉིན་དེའི་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག