མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་མཚོ་ཤར་དང་རྨ་ལྷོ་ཁུལ་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས30ནས་ཟླ6པའི་ཚེས1ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དཔའ་ལུང་དང་། ཞོང་ཧྭ། ཐུན་རིན། གཅན་ཚ་རྫོང་བཅས་སུ་སོང་ནས། རྫོང་ཁྱབ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞང་དང་སྡེ་བ་རིམ་པའི་ཏང་གི་འཛུགས་སྐྲུན་བྱ་བ་སྔར་ལས་ཤུགས་བསྣན་ནས། ལས་བྱེད་པའི་འཕེལ་རྒྱས་ལ་མགོ་ཁྲིད་བྱེད་པ་དང་། མང་ཚོགས་ལ་ཞབས་ཕྱི་བསྒྲུབ་པའི་ནུས་པ་ཇེ་མཐོར་བཏང་ནས། རྫོང་ཁྱབ་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཝང་ཞོ་ཆིན་མཉམ་དུ་རྟོག་ཞིབ་བྱ་བར་ཞུགས།

རྫོང་ཁྱབ་ཁོངས་ཀྱི་དཔལ་འབྱོར་ཅི་ལྟར་ཇེ་ཆེར་གཏོང་རྒྱུ་ནི། ལོ་ཧོས་ཉིན་གྱིས་རེབ་འདིར་རྟོག་ཞིབ་བྱེད་སའི་དམིགས་ཡུལ་ཆེན་པོ་རེད། ཁོས་རྫོང་ཁྱབ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐོན་ལས་ཆགས་སྟངས་དང་ཁེ་ལས་ཀྱི་དཔལ་འབྱོར་ཚོང་ལས་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། དཔའ་ལུང་རྫོང་གི་ཏུང་སན་སྡེ་བའི་དགུན་གྲོ་སྐྱེས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོས་བསྟན་དོན། ཞིང་ལས་ཐོན་སྐྱེད་ཀྱི་བདག་གཉེར་སྒྲིག་གཞི་དང་ཞབས་ཕྱིའི་མ་ལག་གསར་བསྐྲུན་བྱེད་དགོས་ན། ཞིང་ལས་ཐད་ལ་མ་དངུལ་གཏོང་བའི་རྣམ་པ་ཇེ་བཟང་དུ་གཏོང་དགོས་པ་དང་། ཞིང་སྡེ་འཕེལ་རྒྱས་དང་། ཞིང་ལས་ཀྱི་ཐོན་ལས་འཕར་བ། ཞིང་བའི་ཡོང་སྒོ་སོགས་ཇེ་མང་དུ་གཏོང་དགོས་ཟེར། དཔའ་ལུང་རྫོང་ཞན་ཆས་ཧ་ཡངས་ལས་རིགས་དང་། ཞོང་ཧྭ་ཀྲུང་དཔའ། དབྱི་ཅ། ཞན་ཧོང་། པོ་དབྱི་གནས་སྐོར་རིག་གནས་སོགས་ཁེ་ལས་ཀྱི་བྱ་བར་རྟོག་ཞིབ་བྱས་ནས། ཁེ་ལས་ཀྱི་འཁོར་རྒྱུགས་གནས་ཚུལ་དང་། ཚོང་རའི་གནས་ཚུལ། དོ་དམ་གནས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། རྫོང་ཁྱབ་ཁོངས་ཀྱི་དཔལ་འབྱོར་ནི་ས་ཁོངས་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ལྡན་པའི་ཁྱབ་ཁོངས་དཔལ་འབྱོར་ཞིག་ཡིན་ལ། གྲོང་ཁྱེར་འཕེལ་རྒྱས་དང་རོང་འབྲོག་ས་ཁུལ་དར་རྒྱས་སུ་གཏོང་ས་ཤིག་ཡང་ཡིན་པས། མཚོ་སྔོན་གྱི་རྫོང་ཁྱབ་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་དེ་བས་གལ་ཆེ། རྫོང་ཁྱབ་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པའི་ཆ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ས་གལ་ཆེན་ཞིག་ཡིན་པས། རྟོག་ཞིབ་ནན་མོ་བྱེད་དགོས་པ་དང་། ཚན་རིག་ལྟར་འཆར་གཞི་འགོད་དེ་ཤུགས་ཆེན་པོས་སྤེལ་དགོས་ཟེར།

གོང་བ་ཐན་སྡེ་བ་གཉིས་པ་དང་། ཞོང་ཧྭ་རྫོང་གི་སན་ལན་པ་ཧེ་སྡེ་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་མདོ་བ་ཞང་སྡོང་ངེ་སྡེ་བ་དང་ཐུན་རིན་རྫོང་བོད་སྐོར་སྡེ་བ་སོགས་སྡེ་བ་དང་ཧྲེ་རུ་སོང་ནས། ཏང་ཡོན་ལས་བྱེད་པ་དང་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་ཞུས་པ་མ་ཟད། ཏང་ཡོན་བྱ་འགུལ་ཁང་དང་སྨན་བཅོས་ཁང་། རྒན་བཀུར་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། ཐུན་རིན་རྫོང་ཐོ་རྒྱ་ཞང་བོད་སྐོར་སྡེ་བར་ཐོན་ནས། ལོ་ཧོས་ཉིན་གྱིས་ཞིང་བ་མང་ཚོགས་རྣམས་དང་མཉམ་དུ་ཁ་བརྡ་བྱས་ནས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། སྡེ་བའི་སློབ་གསོ་དང་སྨན་བཅོས། རིག་གནས་སོགས་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་བཟང་དུ་བཏང་ནས་ཚང་མའི་འཚོ་བ་ཇེ་བཟང་དུ་སོང་བའི་གནས་ཚུལ་མཐོས་རྗེས། ལོ་ཧོས་ཉིན་དགའ་སྤྲོ་ཆེན་པོ་སྐྱེས། ཁོས་མང་ཚོགས་རྣམས་ལ་བཤད་རྒྱུར། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ནས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྲོལ་རྒྱུན་བཟང་བོ་དེ་བས་རྒྱུན་སྐྱོང་ཐུབ་ཟེར། སྡོང་ངེ་སྡེ་བ་ནས་ལོ་ཧོས་ཉིན་གྱིས་ཧྲུའུ་ཅི་སྐྱིད་རྡོ་ལ་བཤད་རྒྱུར། ཏང་གི་ཞིང་ཕན་སྲིད་ཇུས་དེ་ཁྱིམ་ཚང་རེ་རེར་དྲིལ་སྒྲོག་བྱས་ནས། མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཏང་གི་མགོ་ཁྲིད་འོིག་མང་ཚོགས་རྣམས་འཚོ་བ་སྐྱིད་པ་ཞིག་རོལ་དུ་འཇུག་དགོས་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་གཞི་རིམ་ཏང་འཛུགས་བྱ་བར་སྔར་ལས་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་ཚན་རིག་འཕེལ་རྒྱས་བྱ་བ་དང་། མང་ཚོགས་ལ་ཞབས་ཕྱི་བསྒྲུབ་པའི་རྩ་འཛིན་ཇེ་དྲག་ཏུ་བཏང་ནས། མཐུན་སྒྲིལ་དམ་པོས་མང་ཚོགས་དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་དུ་བསྐྱོད་དགོས་ཟེར།

ལོ་ཧོས་ཉིན་གྱིས་རྨ་ལྷོ་ཁུལ་གྱི་བྱ་བའི་ཡར་ཞུར་ཉན་རྗེས། ཁུལ་དང་རྫོང་གི་སྤྱི་ཚོགས་དོ་དམ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། དམངས་དོན་དང་སྤྱོད་གཙང་གི་རེ་བ་ལྟར། མུ་མཐུད་དུ་ལས་བྱེད་པའི་སྤྱོད་སྟངས་འཛུགས་སྐྲུན་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་བྱ་བའི་རྩ་འཛིན་ཇེ་དྲག་ཏུ་བཏང་ནས། ཕྱོགས་གཅིག་ནས་འཕེལ་རྒྱས་འཛིན་པ་དང་། ཕྱོགས་གཞན་ཞིག་ནས་བརྟན་འཇགས་བྱ་བ་དམ་འཛིན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པ་བྱེད་ཐབས་ཤིག་ཏུ་བརྩིས་ནས། རིམ་བཞིན་རྨ་ལྷོ་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག