མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གཏེར་ལས་རྡོ་སོལ་རྟེན་གཞིའི་མཉམ་འབྲེལ་ལས་གཞིའི་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:40

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གཏེར་ལས་རྡོ་སོལ་རྟེན་གཞིའི་མཉམ་འབྲེལ་ལས་གཞིའི་གན་རྒྱ་འཇོག་པའི་མཛད་སྒོ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།

མཚོ་སྔོན་གཏེར་ལས་དང་རྡོ་སོལ་རྟེན་གཞིའི་མཉམ་འབྲེལ་ལས་གཞི་ནི་མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱས་པའི་ལག་རྩལ་ཡར་ཐོན་ལས་གཞི་གལ་ཆེན་ལྔའི་ནང་གི་གཅིག་ཡིན་ལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་རྡོ་སོལ་དང་རྡོ་སོལ་བཟོ་ལས་ཐོན་ལས་ཇེ་མང་དུ་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཀྱང་རེད། ལས་གཞི་དེ་གཙོ་བོ་མུ་རུ་གཏེར་ཁུལ་གྱི་ཕུན་སུམ་ཚོགས་པའི་རྡོ་སོལ་ཐོན་ཁུངས་ལ་བརྟེན་ཞིང་། འཁོར་སྐྱོད་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཐོན་ལས་ཇེ་མང་དུ་གཏོང་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། སོལ་སྣུམ་དང་། སོལ་རླངས་ཅན་དུ་འགྱུར་བ། རྫས་འགྱུར་དང་། རྒྱུ་ཆ་སོགས་གཞི་གཅིག་ཏུ་གྲུབ་པའི་རྡོ་སོལ་ཕྱོགས་བསྡུས་ལས་སྣོན་བྱེད་པའི་དཔེ་སྟོན་ལས་གཞི་ཞིག་དུ་འགྱུར་ངེས། ལས་གཞི་དེར་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་ཉིས་བརྒྱ་དང་རེ་བདུན་གཏོང་རྩིས་ཡོད་པ་དང་། ལས་གཞི་དེ་འགྲུབ་རྗེས་འཛམ་གླིང་སྟེང་གི་མཚོ་ངོས་ལས་ཆེས་མཐོ་ཞིང་། ཐོན་ལས་འཐུས་ཚང་ཡིན་པ། ལག་རྩལ་སྒྲིག་ཆས་འཛམ་གླིང་སྟེང་དུ་སྔོན་ཐོན་ཡིན་པའི་རྡོ་སོལ་དང་རྫས་འགྱུར་མཉམ་འབྲེལ་རྟེན་གཞི་ཞིག་ཏུ་འགྱུར་ཐུབ་པས། ལོ་རེར་ཆ་སྙོམས་བྱས་ན་བཙོངས་བའི་ཡོང་སྒོ་སྒོར་མོ་དུང་ཕྱུར་བརྒྱ་དང་སོ་བདུན་ལྷག་མངོན་འགྱུར་བྱེད་ཐུབ།

ལོ་ཡུས་ལིན་གྱིས་ལས་གཞི་དང་འབྲེལ་བ་ཡོད་པའི་ལས་ཁུངས་ཀྱིས“མགྱོགས་ཤིང་བཟང་བ། གྲོན་ཆུང་བྱེད་ཐུབ་པའི”རེ་བ་ལྟར། ཚད་མཐོ་ས་ནས་འཆར་གཞི་འགོད་པ་དང་། ཚད་གཞི་མཐོན་པོ་ནས་འཛུགས་སྐྲུན་བྱེད་པ། ཕན་འབྲས་མཐོ་ས་ནས་ཡར་སྐུལ་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལས་གཞི་འགྲུབ་རྗེས་ཀྱི་བདེ་འཇགས་དང་བརྟན་འཇགས། ཡུན་རིང་འཁོར་རྒྱུགས་བྱེད་ཐུབ་པའི་ཚད་གཞིར་བསླེབ་པར་ཁག་ཐེག་བྱེད་དགོས་པ་དང་། སྤུས་ལེགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་འདོན་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག