མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རིག་པའི་གྲོང་གི་ཟིན་བྲིས།

རྩོམ་པ་པོ། ཚེ་མགོན། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་འབུམ། འཆི་མེད་སྒྲོལ་མ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

    དུས་ཚོད། ཟླ༥བའི་ཚེས་པ་༢༤ཉིན། གཟའ་པ་སངས།

    གནས་ཡུལ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར།

    སྤྱི་ལེ་དབར་བརྒྱ་དང་གྱ་གཅིག་ལྷག་གི་ལམ་ཐག་བརྒྱུད་མཐར།ཉིན་གོང་ཆུ་ཚོད་༡༢ཡས་མས་སུ་ང་ཚོ་འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ་གྱི་བཅར་འདྲིའི་དཔུང་ཁག་མདོ་སྨད་རིག་པ་འབྱུང་བའི་གྲོང་ཁྱེར་དུ་གྲགས་པའི་རེབ་གོང་གསེར་མོ་ལྗོངས་སུ་འབྱོར་ཏེ་ཉིན་དང་པོའི་བཅར་འདྲི་བྱ་བའི་འགོ་བརྩམས་པ་ཡིན།

001.jpg

    དེ་རིང་ནི་ཆེས་དམིགས་བསལ་ཁྱད་འཕགས་ཅན་གྱི་ཉིན་མོ་ཞིག་སྟེ།རྒྱུ་སྐར་ས་ག་འཆར་བའི་ཧོར་ཟླ་བཞི་བའི་ཚེས་པ་༡༥ཡིན་ལ།བཤད་སྲོལ་ལ་དེ་རིང་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་།སངས་རྒྱས་པ།སྐུ་མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་ཡིན་པར་ཟེར་བས།བོད་ཡུལ་ཆོས་ལྡན་གྱི་ཞིང་འདིར་རྣམ་དཀར་དགེ་སྒྲུབ་བྱ་བ་སྤེལ་རྒྱུའི་སྲོལ་ཡོད་ལ།ལྟོས་དང་།འདིར་ལམ་བར་དུ་འཕྲད་པའི་དགེ་སྒྲུབ་གྱི་རྣམ་པ་འདིར་ཡིད་བྱུང་ནས།ང་ཚོ་བཅར་འདྲི་དཔུང་ཁག་གི་རུ་དཔོན་ཚེ་དགའ་ལགས་རང་དབང་མེད་པར་རླངས་འཁོར་ལས་བབས་ཏེ་ཧ་ཅང་གཟབ་ནན་གྱི་སྒོ་ནས་དམིགས་བསལ་གྱི་དུས་མཚམས་འདི་པར་ཏུ་ཉར་བ་རེད།

000.jpg

    དུས་འདི་དང་སྐབས་འདིར།ང་ཚོ་ཡང་བཅར་འདྲི་འགོ་རྩོམ་པའི་དུས་ཚོད་དེ་འདི་འདྲའི་རྟེན་འབྲེལ་གྱིས་བརྟས་པའི་དུས་བཟང་ཞིག་དང་ཏག་ཏག་འཕྲད་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་གཞིར་བཞགཐེངས་འདིའི་བཅར་འདྲིའི་བྱ་བ་ལམ་འགྲོ་ཡོང་བར་འདི་འདྲའི་ལྟོས་བཟང་བོ་ཞིག་ཤར་བྱུང་བར་རང་སེམས་ཀྱང་ཡིད་ཆེས་ཀྱིས་ཁེངས་པར་གྱུར།

    རེབ་གོང་ནི་བོད་པའི་ལྷ་རིས་སྒྱུ་རྩལ་གྱི་དར་ཡུལ་ཡིན་པས། ཡུལ་འདི་དང་གནས་འདི་ལ་འབྱོར་མ་ཐག་ང་ཚོའི་བཅར་འདྲིའི་ལས་བྱ་ཐོག་མ་དེ་ཡང་མ་གྲོས་རང་འདུམ ་གྱིས་རེབ་གོང་སྒྱུ་རྩལ་དུ་གྲགས་པའི་བོད་པའི་ལྷ་རིས་རིག་གནས་ཀྱི་སྟེང་དུ་བབས་སོང་།

03.jpg

    རེབ་གོང་ལྷ་རིས་ཅེས་པའི་བོད་པའི་གཉུག་མའི་སྒྱུ་རྩལ་རིག་གནས་གང་གི་ཁྱད་མཚར་དེས་ཡིད་དབང་བཀུགས་པ་དང་སྒོས་སུ་ཐང་ཀ་བཞེང་སྐྲུན་གོ་རིམ་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཆོ་ཀའི་སྒྲུབ་ཐབས།ལྷ་རིས་པས་སྒྱུ་རྩལ་རིགས་དེ་ལ་བཟུང་བའི་རིག་གནས་གོང་བཀུར་གྱི་འདུ་ཤེས་དེ་ལ་སྤྲོ་བ་ཕྱོགས་པས།ཀྲུང་དབྱངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་རིགས་སྡེ་ཁག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་སྐུ་ཞབས་ཏུའུ་སི་ཁོན་གྱིས་ཀྱང་རེ་ཞིག་འགོ་ཁྲིད་ཀྱི་ཐོབ་ཐང་ཀྱང་ལོགས་སུ་དོར་ནས་དངོས་སུ་གསར་འགྱུར་བཅར་འདྲིའི་ལས་ཁུར་དུ་བླངས་པའི་ཚུལ་འདིར་ལྟོས་སོང་ན་། ཉམས་མྱོང་གིས་ཕྱུག་པ་དང་བྱང་གོམས་སུ་སོང་བའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཞིག་ཡིན་པ་གཞི་ནས་ཤེས་ཐུབ།

04.jpg

    ལྷ་རིས་སྒྱུ་རྩལ་པ་བསོད་ནམས་ནི་འདས་ཟིན་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་མཁན་པོ་ཤ་བོ་ཚེ་རིང་ལགས་ཀྱི་བུ་ཡིན་ལ།ཤ་བོ་ཚེ་རིང་རང་ལུགས་ཀྱི་ལྷ་རིས་སྒྱུ་རྩལ་གྱི་རྒྱུན་སྐྱོང་མཁན་ཀྱང་ཡིན།ཁོའི་ཁྱིམ་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་ལྗོངས་རྩོམ་སྒྲིག་ཁང་གི་གསར་འགོད་པ་བསྟན་འཛིན་གཉིས་ཀྱིས་ཤ་བོ་ཚེ་རིང་དང་ཁོའི་ལྷ་རིས་རང་ལུགས་སྐོར་གྱི་བཅར་འདྲི་བྱེད་སྐབས། ང་ཚོས་ཤ་བོ་ཚེ་རིང་ལགས་ཀྱི་མི་ཚེ་སྒྱུ་རྩལ་ལ་བརྒྱུས་པའི་གཏམ་རྒྱུད་རིང་མོ་ཞིག་གི་ཡང་སྙིང་ཡང་བསྐྱར་སེམས་གྱིས་རྟོགས་སོང་།

05.jpg

    རེབ་འདིའི་འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ་ཞེས་པའི་བཅར་འདྲིའི་བྱ་འགུལ་འདིར་ཀྲུང་དབྱང་དང་མཚོ་སྔོན་གྱི་བོད་སྐད་སྒྲ་ཐོག་སྨྱན་བྱེད་ལས་ཁུངས་གཉིས་ཀྱི་འགོ་ཁྲིད་པས་ཐུགས་ཁུར་ཚད་མཐོན་པོ་གནང་བཞིན་ཡོད་པ་དེ་ང་ཚོས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་གཙོ་གཞོན་པ་སྐུ་ཞབས་རྣ་བྷ་ལགས་ཡུལ་དངོས་སུ་ཕེབས་ནས་བྱ་བའི་མཛུབ་སྟོན་གནང་བཞིན་པའི་ཚུལ་འདི་ལས་ཟུར་ཙམ་རྟོགས་ཐུབ།

06.jpg

    རིག་གནས་གང་ཞིག་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་ན་རིག་གནས་དེའི་ཐད་ཀྱི་རྗེས་འཛིན་མི་སྣ་སྐྱེད་སྲིང་བྱ་རྒྱུ་དེ་ནི་སྨྲོས་མ་དགོས་པ་ཞིག་རེད།ལྷ་རིས་པ་བསྟན་འཛིན་གྱི་ཁྱིམ་དུ་མཐོང་བའི་རྣམ་པ་འདིས་ང་ཚོར་རེབ་གོང་ལྷ་རིས་སྒྱུ་རྩལ་མ་ཉམས་གོང་དུ་འཕེལ་བའི་མདུན་ལྗོངས་དེར་ཡིད་ཆེས་བརྟན་པོ་ཞིག་དངོས་གནས་བསྩལ་བྱུང་།

07.jpg

    རེབ་གོང་སྒྱུ་རྩལ་གླིང་དུ་བྱ་བའི་བཅར་འདྲི་བྱེད་སྐབས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་སྐུ་ཞབས་ཆོས་ཕྱུག་རྒྱལ་ལགས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡི་འགོ་གཙོ་གཞོན་པ་སྐུ་ཞབས་དཔའ་འབྲུག་མཁར་གཉིས་ཀྱིས་སྤྱིར་རེབ་གོང་ལྷ་རིས་སྒྱུ་རྩལ་དར་སྤེལ་ཐད་ལ་བསམ་ཚུལ་གཅིག་མཐུན་བྱུང་།

08.jpg

    རེབ་གོང་སྒྱུ་རྩལ་ནི་རེབ་གོང་རིག་གནས་ཀྱི་མཚོན་རྟགས་ཁྱད་པར་བ་ཞིག་ཏུ་གྲུབ་པས་ན།དེའི་རང་རྐྱ་འཕེར་བའི་སྒྱུ་རྩལ་མཚོན་སྟངས་དེས་བཅར་འདྲི་དཔུང་ཁག་གི་གསར་འགོད་པ་རྣམས་ཀྱི་ཡིད་སེམས་ཀྱི་དང་བ་དབང་མེད་དུ་དྲངས་སོང་བ་འདྲ།

09.jpg

    གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་ཀྱིས་སྐུ་ཞབས་དཔའ་འབྲུག་མཁར་ལགས་ལ་གཞི་དོན་གང་ཞིག་གི་ཐད་ནས་བཅར་འདྲི་བྱེད་བཞིན་ཡོད་དམ།

10.jpg

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག