མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོའི་རེབ་གོང་ན་བཞེངས་བསྐྲུན་བྱེད་བཞིན་པའི་རྗེ་རིན་པོ་ཆེའི་མཛད་རྣམ་ཞལ་ཐང་ཆེན་མོ་ལེགས་འགྲུབ་འབྱུང་ལ་ཉེ།

རྩོམ་པ་པོ། བཀྲ་ཤིས་འབུམ། ཚེ་མགོན། ལྷ་རྒྱལ་བཀྲ་ཤིས། འཆི་མེད་སྒྲོལ་མ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

01.jpg

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་ཞིང་གངས་ཅན་རེབ་གོང་སྒྱུ་རྩལ་གསར་སྤེལ་འགན་ལེན་ཚད་ཡོད་ཀུང་ཟིས་བཞེངས་འགན་འཁུར་བའི་རྗེ་རིན་པོ་ཆེའི་མཛད་རྣམ་ཞལ་ཐང་ཆེན་མོ་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་འབྱུང་བར་མ་ཟད་ཁམས་རའི་མཛེས་ལྗོངས་སྤྱི་གླིང་དུ་དངོས་སུ་འགྲུབ་སྟོན་བྱེད་རྒྱུ་རེད།

    འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ་ཞེས་པའི་བཅའ་འདྲི་ཚོགས་པས་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་རྨ་ལྷོའི་རེབ་གོང་དུ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ས་གནས་ཀྱི་འབྲེལ་ཡོད་མི་སྣས་རྗེ་རིན་པོ་ཆེའི་མཛད་རྣམ་ཞལ་ཐང་ཆེན་མོ་དང་འབྲེལ་བའི་གནས་ཚུལ་གླེང་བྱུང་། དེ་ནས་ང་ཚོ་གསར་འགོད་པས་ཞལ་ཐང་ཆེན་མོ་བཞེངས་འགན་ཁུར་མཁན་གྱི་གངས་ཅན་རེབ་གོང་སྒྱུ་རྩལ་གསར་སྤེལ་འགན་ལེན་ཚད་ཡོད་ཀུང་ཟིའི་མགོ་གཙོ་ཤ་བོ་ཚེ་བརྟན་ལ་བཅའ་འདྲི་བྱས། ཁོས་བཤད་རྒྱུར། རྗེ་རིན་པོ་ཆེའི་མཛད་རྣམ་ཞལ་ཐང་ཆེན་མོ་བཞེངས་བའི་ལས་གཞིའི་ཐད་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་མོ་བྱེ་བ་གསུམ་ལྷག་བཏང་ཞིང་ཉིས་སྟོང་བཅུ་ལོའི་ཟླ་ལྔ་བ་ནས་བཟུང་དངོས་སུ་བཞེངས་མགོ་བརྩམས། ལས་གཞི་དེ་ལག་བསྟར་མ་བྱས་པའི་ཡར་སྔོན་དུ་ཐོག་མར་རྗེ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་ཡུལ་ཕྱོགས་ཀུལ་ལ་རྟོག་ཞིབ་བྱས་པ་དང་། དེ་ནས་བོད་ཁམས་ཀྱི་མཁས་པ་མང་པོ་གདན་ཞུ་བྱས་ཏེ་ཇི་ལྟར་བཞེངས་བསྐྲུན་བྱེད་དགོས་པའི་སྐོར་གྱི་བགྲོ་གླེང་བྱ་འགུལ་སྤེལ། མཇུག་མཐར་ས་གནས་སོ་སོའི་ལྷ་བཟོ་སུམ་བརྒྱ་ལྷག་གདན་དྲངས་ཏེ། སྨན་ཐང་ལུགས་གཙོ་བྱས་པའི་བོད་ཀྱི་སྲོལ་རྒྱུན་གྱི་ཐང་གའི་བཞེངས་ལུགས་སྣ་ལྔ་ཡོངས་སུ་མཛོམས་པའི་ཁྱད་ཆོས་ལྟར་བཞེངས་བསྐྲུན་བྱེད་བཞིན་ཡོད་ཟེར།

02.jpg

    རྗེ་རིན་པོ་ཆེའི་མཛད་རྣམ་ཞལ་ཐང་ཆེན་མོ་དེ་ནི་འབྲུག་རྒྱལ་དབང་ཚང་གིས་བརྩམས་པའི་མཛད་རྣམ་གཞིར་བྱས་ཏེ་བཞེངས་བསྐྲུན་བྱེད་བཞིན་ཡོད་ལ། དེར་སྐུ་ཕྲེང་གོང་མ་དང་སྐུ་བཙལ་བ། རབ་ཏུ་བྱུང་བ་ལ་སོགས་དུམ་པ་བཅུ་གསུམ་དུ་བགར་ནས་ཐང་ཀ་བརྒྱད་བརྒྱ་དང་ལྔ་བཅུས་གྲུབ་པ་ཡིན། སྤྱིའི་རིང་ཚད་ལ་མུས་སྟོང་གཅིག་དང་ཉིས་བརྒྱ་བརྒྱད་ཅུ་ཡོད། མིག་སྔར་ཞལ་ཐང་ཆེན་མོ་དེའི་སྤྱིའི་རིང་ཚད་ལས་བརྒྱ་ཆའི་དགུ་བཅུ་ལྷག་ལེགས་འགྲུབ་བྱུང་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་ཡོངས་སུ་ལེགས་འགྲུབ་འབྱུང་ཐུབ་པར་མ་ཟད། ཁམས་རའི་མཛེས་ལྗོངས་སྤྱི་གླིང་དུ་འགྲུབ་སྟོན་གྱི་མཛད་སྒོ་ཡང་བསྡུ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག