མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་བོད་ཁུལ་གྱི་འཆམ་མཐུན་དང་བདེ་འཇགས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-24 11:25

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་དང་ཁུལ། གྲོང་ཁྱེར། ས་ཁུལ། རྫོང་བཅས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་། བོད་རིག་པའི་ཆེད་མཁས་པ་དང་རིག་གནས་ཆེད་མཁས་བཅས་ཞུགས་པའི་བོད་ཁུལ་གྱི་འཆམ་མཐུན་དང་བདེ་འཇགས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་སྤེལ་བའི་གཏམ་བཤད་ལ་སློབ་སྦྱོང་དང་བགྲོ་གླེང་བྱས།

    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་ཚོགས་འདུར་ཞུགས།

    རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་སྤེལ་བའི་གཏམ་བཤད་དེ་ནི་ཕྱིན་ཆད་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་བདེ་འཇགས་འགན་སྲུང་བྱ་བར་མཛུབ་སྟོན་བྱེད་པ་དང་། བོད་ཁུལ་ཡུན་རིང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་ཡིག་ཆ་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ངེས་པ་དོན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་རྟོགས་ཟབ་མོ་བླངས་ཏེ། མཐུན་སྒྲིལ་ཆེན་པོ་དང་མཉམ་ལས་ཆེན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་ཁྲོད་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་དང་བོད་རིག་པའི་ཆེད་མཁས་པ་དང་རིག་གནས་པ་བཅས་མང་པོ་ཡོད་པའི་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱས་ནས། བོད་ཁུལ་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་བྱ་བ་བཟང་བོར་བསྒྲུབས་ཏེ། བོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ལ་འགན་སྲུང་བྱེད་པར་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

    རིན་ཆེན་རྒྱལ་གྱིས་ནན་གྱིས་བཤད་རྒྱུར། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་ཁྲོད་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་དང་བོད་རིག་པའི་ཆེད་མཁས་པ་དང་རིག་གནས་པ་བཅས་རྩ་འཛུགས་བྱས་ཏེ། བོད་ཁུལ་གྱི་དགོན་པ་དང་སློབ་གྲྭ། ཁྱིམ་ཚང་བཅས་ལ་སོང་སྟེ། ཚོགས་པ་མི་འདྲ་བར་དམིགས་ནས། རང་སོ་སོའི་ཆོས་ལུགས་དང་བོད་རིག་པའི་ཕྱོགས་ཀྱི་ཤེས་རྒྱ་ཆེན་པོར་བརྟེན་ནས་རྒྱ་ཆེའི་གྲྭ་བཙུན་དང་བོད་རིགས་མང་ཚོགས་ཁྲོད་དྲང་ཕྱོགས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས་པ་དང་། རྒྱ་ཆེའི་བོད་རིགས་སྤུན་ཟླས་རྒྱལ་གཅེས་ཁྱིམ་གཅེས་དང་། ཁྲིམས་ལུགས་བརྩི་སྲུང་བྱེད་པ། ཚན་རིག་སློབ་གསོར་མཐོང་ཆེན་བྱེད་པ། རིག་གནས་དར་སྤེལ་བྱེད་པ། མཐུན་སྒྲིལ་འཆམ་མཐུན། ལས་ལ་བརྩོན་པ་དང་ཕྱུག་སྒྱུར་བྱེད་པ་བཅས་ཀྱི་ལུགས་སྲོལ་བཟང་བོ་འདོན་སྤེལ་བྱས་ཏེ། བོད་ཁུལ་གྱི་འཆམ་མཐུན་དང་འཕེལ་རྒྱས་ཐད་ལ་རང་ཉིད་ཀྱི་བློ་གྲོས་དང་རིག་སྟོབས་འདོན་སྤེལ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག