ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཉེ་དུས་ཀྱི་ནམ་ཟླ་དང་ནང་སྒོས་སུ་ལྔ་གཅིག་དུས་ཆེན་སྐབས་ཀྱི་ནམ་ཟླའི་གནས་ཚུལ་མཚམས་སྦྱོར་བྱས། མཚམས་སྦྱོར་བྱས་པ་ལྟར་ན། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུའི་ཉིན་བར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ནུབ་ཕྱོགས་མ་འདུས་པའི་མཚོ་སྔོན་གྱི་ནུབ་ཕྱོགས་ནས་ཤར་ཕྱོགས་བར་ཆར་བ་འབབ་རྒྱུ་ཡིན་པ་དང་། ཁྱད་པར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིན་ཧེ་རྫོང་དང་ཁྲི་ཀ་རྫོང་། ཐུན་ཏེ་རྫོང་བཅས་དང་། རྨ་ལྷོ་ཁུལ། མཚོ་ཤར་ས་ཁུལ་གྱི་མེན་ཧི་རྫོང་དང་དཔའ་ལུང་རྫོང་ལ་ཆར་འབབ་ཚད་ཅུང་ཆེ་བའི་དབང་གིས། ཤར་བྱང་ཕྱོགས་གཉིས་ཀྱི་ཐན་པ་སེལ་བར་ཕན་ཐོག་ངེས་ཡིན། །