2013ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱི་ཟི་ལན་གྱི་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་བརྒྱུད་ཉིན། གསར་འགོད་པས་2013ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱི་ཟི་ལན་གྱི་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་2013ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱི་ཟི་ལན་གྱི་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུ་དེ་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ཟི་ལིང་གྲོང་ཁྱེར་མཁར་ལྷོ་ཁུལ་གྱི་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འདུ་འགྲེན་སྟོན་ལྟེ་གནས་ནས་མགོ་རྩོམ་རྒྱུ་རེད། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་ཚོགས་ཡུན་ཉིན་བཞི་ཡིན་ལ། བརྗོད་བྱ་གཙོ་བོ་ནི་ལྷད་མེད་དང་མཉམ་ལས། མཉམ་རྒྱལ་ཞེས་པ་དེ་རེད།
ཤེས་པ་ལྟར་ན། དབྱི་ཟི་ལན་གྱི་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུ་དེ་2007ལོར་བསྒྲུབས་པ་ནས་ད་ལྟའི་བར་དུ་ལོ་དྲུག་འགོར་བ་དང་། ལོ་དྲུག་གི་རིང་ལ་འགྲེམ་སྟོན་ཚོགས་འདུ་བཟང་བོར་སྤེལ་ཏེ། རྒྱལ་སྤྱི་ཅན་དང་ཆེད་ལས་ཅན། མི་རིགས་ཅན་བཅས་ཀྱི་ཁྱད་ཆས་ལོ་རེ་ལས་ལོ་རེར་མངོན་གསལ་ཡིན་ལ། འགྲེམ་སྟོན་ཚོགས་འདུའི་གཞི་ཁྱོན་ཡང་ལོ་རེ་བཞིན་རྒྱ་བསྐྱེད་པར་མ་ཟད། ནང་དོན་ཡང་སྔར་ལས་ཇེ་མང་དུ་སོང་བ་དང་། དཔལ་འབྱོར་གྱི་ཕན་འབྲས་ལོ་རེར་ཇེ་ཆེར་སོང་ཞིང་། ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་རིམ་བཞིན་ཇེ་ཆེར་སོང་བས། དེ་ད་ལྟ་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་པའི་དབྱི་ཟི་ལན་གྱི་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུའི་ནང་གི་གཅིག་ཏུ་གྱུར་ཡོད།