མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྔུལ་ཆུས་བརླན་པའི་ས་གཞི་དྲོན་མོ།

—ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་ས་ཁོངས་བསྡུ་ལེན་གནས་སྤོར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀོ་ཆང་གི་གནས་ཚུལ་བཀོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  2013-04-24 09:36

  དགོང་མོའི་དུས་ཚོད་བརྒྱད་དགུ་ཡས་མས་ཀྱི་ཡུས་ཧྲུའུ་ནི་རླུང་འཚུབ་ཁྲོད་གློག་ཀྱང་ཆད་ཡོད། ཀྲང་ཀོ་ཆང་གིས་འཐེན་སྒམ་ལས་ཉི་འོད་ནུས་པའི་གློག་སྒྲོན་ཞིག་བླངས་ཏེ་གོམས་ལོབས་ལྟར་གྱང་ངོས་སུ་བཀལ། མག་མོག་གི་གློག་འོད་འོག་ཁོ་བོའི་གྲིབ་གཟུགས་ནི་སྔར་བས་སྐམ་ཞིང་རིད་ཡོད།

    ཁོ་བོས་སྣང་གཡེང་སྒོས་དཀར་ཡོལ་ནང་གི་རྩམ་པ་བརྫི་བཞིན་ཅོག་སྒྲོན་ངོས་ཀྱི་ཡིག་ཆ་ཞིག་ལ་བལྟ་བཞིན་ཡོད་ལ། རྩམ་པ་སྔར་ནས་བརྫིས་ཟིན་ནའང་ཁོས་ད་རུང་སྔར་ལྟར་བརྫི་བཞིན་ཟ་རྒྱུའང་བརྗེད་འདུག  “ལྟོས་དང་། ཡང་བྱ་བ་སྒྲུབ་བཞིན་མགོ་འཁོར་འདུག” ཡུས་ཧྲུའུ་རྫོང་ས་ཁོངས་བསྡུ་ལེན་གནས་སྤོར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའམ་ཡུས་ཧྲུའུ་རྫོང་གི་རྫོང་དཔོན་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས་སྐད་དམའ་མོས་དེ་ལྟར་བཤད།

    ཉེན་ཁའི་ཁྲོད་རེ་བ་དང་ལེན་བྱས་པ།

    ཡུས་ཧྲུའུ4.14ས་འགུལ་བྱུང་རྗེས་ཀྱི་ལོ3རིང་། ཡུས་ཧྲུའུ་ནི་བཤིག་རོའི་ཁྲོད་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ལྟའི་གཞུང་ལམ་ཁོད་ཡངས་ལ་ཐོག་ཁང་ནི་གྲོང་ངེར་འགྱིངས་ཡོད་པས། མི་རྣམས་སྔ་རྗེས་སུ་སྡོད་ཁང་གསར་བར་སྤར་ཏེ། དཀའ་སྡུག་གི་ཁྲོད་ཡང་བསྐྱར་འཚོ་བ་གསར་བའི་འགོ་བརྩམས་ཡོད།

    ལོ3རིང་། ཀྲང་ཀོ་ཆང་གི་ལུས་སྟོབས་ཀྱང་ཉམས་རིད་དུ་གྱུར་ཏེ། དེ་སྔའི་ཁམས་པའི་ཕོ་རྒོད་ཀྱི་སྣང་བརྙན་ཡང་མིང་ཙམ་ལས་ལྷག་མེད།

    ད་ལྟ་ཁོའི་མཚན་སྙན་ནི་དེ་སྔར་རྫོང་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་ལས་འགན་འཁུར་སྐབས་ལས་ཀྱང་ཆེས་ཆེར་གྲགས་ཡོད་དེ། མི་རྣམས་ཀྱིས་ཁང་བ་བཤིག་གཏོར་ལ་དོ་དམ་བྱེད་པའི་མི་འདི་གླེང་མ་ཐག་དགའ་སྐྱོ་འདྲེས་མའི་སེམས་པ་ཞིག་འཆར་བཞིན་ཡོད། ཁོར་དུངས་པའི་མི་རྣམས་ཀྱིས་ཁོའི་བདེན་འཛིན་ཞུམ་མེད་དང་རང་སྣང་མེད་པ། ཞི་ཞིང་དུལ་བ་སོགས་ཀྱི་བཟང་ཆ་དག་བརྗོད་ཀྱིན་ཡོད།

    ལོ3སྔོན་ལ། ཁོ་བོས་ས་འགུལ་གྱི་བཤིག་རོའི་ཁྲོད་མི་གསུམ་གྱི་སྲོག་བསྐྱབས་ལ། ཁོས་འགན་འཁུར་བའི་བཀྲ་ཤིས་ཁོག་སྦྲ་གུར་འཚོ་སྡོད་ཁུལ་དུ་དྲག་ཆས་ཉེན་རྟོག་དམག་མི་དང་མཉམ་དུ་ཐེངས་མང་པོར་མྱུར་སྐྱོབ་ཀྱི་ལས་ལ་ཞུགས་པ་དང་། མྱུར་སྐྱོབ་ལས་ལྷམ་ཡ་ཅིག་བོར་སོང་བ་ཡང་མ་ཚོར་བར་བཤིག་རོའི་ཁྲོད་སྐད་འཛེར་མོས་མྱུར་སྐྱོབ་དངོས་ཟོག་བགོ་སྤྲོད་བྱེད་པར་བཀོད་འདོམས་བྱས་ཏེ། མང་ཚོགས་ཀྱི་རྒྱུ་ནོར་ལ་སྲུང་སྐྱོབ་དང་རྨས་མ་མྱུར་སྐྱོབ་ལ་འབད་པ་བྱས།

    གནོད་འགོག་རྒུད་སྐྱོབ་མཇུག་སྒྲིལ་རྗེས། རྒྱལ་ཁབ་ཀྱི་བསྐྱར་སྐྲུན་འཆར་འགོད་བཏོན་པས་ཆེས་གནད་འགག་གི་བྱ་བ་སྟེ་ས་ཁོངས་བསྡུ་ལེན་གནས་སྤོར་ལ་འཕྲད་ཡོད།

    སྐྱེ་རྒུ་གྲོང་རྡལ་གྱི་ལོ་རྒྱུས་སྟེང་ས་ཞིང་བསྒྱུར་བཅོས་ལས་གཞི་གཏིང་ཟབ་ཏུ་སྤེལ་མེད་ལ། ས་ཁོངས་བདག་ཁོངས་ཀྱི་ངེས་གཏན་གསལ་བོར་ཕྱེས་མེད་པས་མང་ཚོགས་ཕལ་ཆེ་བ་ཞིག་ལ་ས་ཁོངས་རྒྱལ་དབང་གི་འདུ་ཤེས་མེད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12ཙམ་ལས་མེད་པའི་སྐྱེ་རྒུ་གྲོང་རྡལ་ནི་གནའ་བོའི་ཐང་རྒྱལ་རབས་དུས་ནས་བཟུང་ཚོང་ཟོག་ཉོ་ཚོང་གི་གྲོང་རྡལ་གཙོ་བོ་ཞིག་ཡིན་པས་གཤིན་སར་གྱུར་ཡོད། དེ་བས་ཚེ་རིང་བཀྲ་ཤིས་ཀྱིས་ས་ཁོངས་བསྡུ་ལེན་གནས་སྤོར་ནི་བྱ་བའི་དཀའ་གནད་དུ་གྱུར་ཡོད་ཟེར།

    ཡུས་ཧྲུའུ་ཡི་ལས་བྱེད་པ་མང་ཆེ་བ་ནི་ས་འདི་ནས་སྐྱེས་ཤིང་ས་འདི་ནས་འཚར་ལོངས་བྱུང་བ་ཡིན་པས་གྲོང་རྡལ་ཆུང་ཆུང་འདི་ན་ཚང་མ་རྒྱུས་ཡོད་དུ་གྱུར་ཡོད། ས་ཁོངས་བསྡུ་ལེན་བྱེད་སྐབས་གྲོགས་པོར་འཕྲད་པའང་རྒྱུན་ལྡན་ཡིན། ཡིན་ཡང་ལས་ཀ་འདི་ཏག་ཏག་ལ་གྲོགས་པོ་མང་བའི་ཀྲང་ཀོ་ཆང་གིས་དང་ལེན་བྱས།

    2010ལོའི་ཟླ8པར། ཡུས་ཧྲུའུ་རྫོང་ས་ཁོངས་བསྡུ་ལེན་གནས་སྤོར་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཀྲང་ཀོ་ཆང་གིས་ཚན་གཙོའི་འགན་བཞེས་ལ། ཁོའི་ལས་གྲོགས་ལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ། ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་ལས་བྱེད་པ་ཡོད།

    ས་ཁོངས་བསྡུ་ལེན་མ་བྱས་ན་བསྐྱར་འཛུགས་བྱེད་ཐབས་མེད་ལ། ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་མ་བྱས་ན་མང་ཚོགས་ཀྱིས་སྔར་བཞིན་སྦྲ་གུར་ལས་གྲང་འཁྱག་གི་འཚོ་བ་རོལ་དགོས་པ་དང་། ཡུལ་ཕྱོགས་གཞན་ནས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་དག་ཀྱང་མུ་མཐུད་དུ་གཉེན་ཉེ་དང་ཁ་འབྲལ་དགོས་པས། ངས་ལས་ཀ་འདི་མི་གཉེར་ཐབས་མེད་རེད། ཞེས་ཀྲང་ཀོ་ཆང་གིས་སྔ་མོ་ནས་ལས་ཀ་འདིའི་ཕན་ནུས་རྟོགས་ཡོད་པར་བརྟེན་ཁོས་རང་གི་གྲོགས་པོ་དང་མཚན་སྙན་ལ་རྒྱབ་འགལ་བྱེད་རྒྱུའི་དམ་བཅའ་བཞག

    དཀའ་བ་ཁྱད་དུ་བསལ་ཏེ་རང་ནུས་ཡོད་ཚད་བཏོན་པ།

    ལས་གྲོགས་དང་སྤུན་ཟླ། ཁྱིམ་མཚེས། འགོ་ཁྲིད། གཉེན་ཉེ་སོགས་ཀྱི་ས་ཁོངས་བསྡུ་ལེན་བྱས་པས་སྡིག་དམོད་མི་ཉུང་བ་ཞིག་མྱངས།

    ཐེངས་ཤིག་ལ། ཁྱུང་ལུང་ལམ་གྱི་ཁྱིམ་ཚང་ཞིག་གིས་ཀྲང་ཀོ་ཆང་མཐོང་མ་ཐག ཁོའི་སྟེང་ལ་རྡོ་གཡུགས་པ་མ་ཟད། སྒོ་འགྲམ་གྱི་ལ་བོས་ཀྱང་ཟུག་སྒྲ་འདོན་བཞིན་ཁོའི་སྟེང་ལ་མཆོངས། དེ་བས་ཁོའི་སྡིག་དམོད་སྣ་ཚོགས་མྱང་རྗེས་སྒོ་ཁ་ནས་སྲིད་ཇུས་མི་སྒྲོག་ཀ་མེད་བྱུང་།

    ཐེངས་གཉིས་པར། ཁོ་བོ་ཁྱིམ་དུ་བསུས་ཀྱང་སྡིག་དམོད་དང་འཕྱ་དམོད་སྔར་བཞིན་མྱང་ན་ཡང། གནས་སྤར་བར་ཡིད་མཐུན་མ་བྱུང་།

    ཐེངས་གསུམ་པར་ཀྲང་ཀོ་ཆང་སླར་ཡང་ཁྱིམ་དེར་སོང་ནས་མུ་མཐུད་དུ་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་ཁ་ཏ་བྱས། ཐེངས་འདིར་ཁྱིམ་བདག་གིས་སྡིག་དམོད་མ་བྱས་རུང་། མིག་ཆུ་འདོན་བཞིན་རང་ཁྱིམ་གྱི་དཀའ་ངལ་སྣ་ཚོགས་བརྗོད།

    དེ་རྗེས་གནས་ལུགས་ཅུང་རྟོགས་པའི་ཁྱིམ་བདག་གིས་ཀྲང་ཀོ་ཆང་ཁྱིམ་དུ་བསུས་ཏེ་ཇ་བླུགས་ཤིང་རྩམ་པ་བརྫི་རུ་བཅུག

    མཇུག་མཐར། ཁོས་ཐེངས་གང་མང་ལ་ཁ་ཏ་སློབ་གསོ་བཏང་བས་གནས་སྤོར་ལ་ཡིད་མཐུན་བྱུང་བའི་ཁྱིམ་བདག་གིས་དགའ་སྤྲོའི་ངང་ཁོ་རང་ཁྱིམ་དུ་བསུས་ལ། སྒོ་འགྲམ་གྱི་ལ་བོས་ཀྱང་ཁོ་རང་མཐོང་མ་ཐག་རྔ་གཡུག་བྱེད་ཀྱིན་ཡོད།

    2010ལོའི་ཟླ10བར་དུ། བྱང་བསྐོར་ལམ་ཤར་གཏོང་བྱེད་པའི་ལས་འགན་དེ་ས་ཁོངས་བསྡུ་ལེན་གནས་སྤོར་ཚན་ཆུང་གི་འགན་འཁྲིར་གྱུར། འདུ་འཛི་ཆེ་བའི་ཁྱིམ་ཚང་སྟོང་ལྷག་གནས་སྤོར་བྱེད་པའི་ལས་ཀ་ནི་འགྲུབ་ཐབས་མེད་པའི་ལས་འགན་ཞིག་ཏུ་གྱུར་ཡོད།

    ཡིན་ཡང་ཀྲང་ཀོ་ཆང་གིས་མཐོ་སྒང་གི་གྲང་འཁྱག་ལ་མ་འཛེམ་པར་རྡུལ་འཚུབ་ཁྲོད་ཁྱིམ་ཚང་རེ་རེར་ཁ་ཏ་བྱས།

    ཁོར་མཚོན་ན་དམོད་མོ་དང་བརྙས་བཅོས། རྡོ་གཡུགས་པ། ཐལ་སྐྱ་འགྲེམ་པ། ཁུར་ཚུར་འགའ་མྱང་བ་ནི་ཆེས་རྒྱུན་ལྡན་དུ་གྱུར་ནའང་ལུས་སྟེང་ལ་ཁ་ཆུ་འདེབས་པ་ནི་ཆེས་སེམས་སྐྱོ་བའི་དམོད་མོ་ཡིན་ཏེ། ཁམས་པ་ཞིག་ལ་མཚོན་ན་འདི་ནི་ཆེས་བཟོད་བསྲན་བྱེད་དཀའ་བའི་འཕྱ་དམོད་ཡིན། དོན་དག་དེ་དག་ཕྱིར་དྲན་བྱེད་དུས་དམྱལ་ཁམས་སུ་འགྲིམ་པ་དང་མཚུངས་བའི་ཚོར་བ་སྐྱེས།

    ཟླ་གཉིས་ཀྱི་རྗེས་སུ། བྱང་བསྐོར་ལམ་བདེ་བླག་ངང་ཤར་གཏོང་བྱུང་བ་དང་། པེ་ཅིན་རོགས་སྐྲུན་རུ་ཁག་གི་ལས་བྱེད་མི་སྣས་ཀྲང་ཀོ་ཆང་ལ་ཡི་རང་སྐྱེས།

    གང་ལྟར་ཀྲང་ཀོ་ཆང་ལ་སྡིག་དམོད་བྱེད་མཁན་ཡང་མང་བས། ཁོའི་གཞུང་སྒྲུབ་ཁང་གི་སྒོ་དྲའང་ཐེངས་གང་མང་ལ་བཅག་མྱོང་བ་དང་། ཁོར་ཡང་ཐེངས་གང་ལ་མི་གཞན་གྱིས་འཇིགས་སྐུལ་བྱས་མྱོང་། འོན་ཀྱང་ཁོས་བཤད་རྒྱུར། དེ་ཚང་མ་ངས་བཟོད་སྒོམ་བྱེད་ཐུབ་སྟེ། མ་འོངས་བར་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་ལེགས་གྲུབ་བྱུང་ན་སྡིག་དམོད་བྱེད་མཁན་གྱི་མི་དེ་དག་གིས་ཀྱང་ངའི་རེ་འདུན་འདི་རྟོགས་ཐུབ་ཟེར།

    བྱ་བའི་ཁྲོད་འགྱོད་གདུང་གི་སེམས་ཁྲལ་ཅི་ཡང་མེད་པ།

    ས་འགུལ་མ་བྱུང་སྔོན་ལ། ཀྲང་ཀོ་ཆང་ལ་མཆིན་ནད་བྱུང་ལ། ས་འགུལ་བྱུང་རྗེས་ཉིན་མཚན་མེད་པར་བྱ་བར་འབད་འབུངས་བྱས་པས་ཁོའི་ནད་གཞི་ཇེ་སྡུག་ཏུ་སོང་སྟེ་མཆིན་པ་སྲ་འགྱུར་གྱི་ནད་དུ་གྱུར། ལས་གྲོགས་དག་གིས་སེམས་ཀྱིས་མ་བཟོད་པར་ཟི་ལིང་གི་སྨན་ཁང་དུ་བསྐྱལ་རྗེས། ཡུན་རིང་ལ་མ་ཐུག་པའི་ཆུང་མས་སྐམ་རིད་དུ་གྱུར་བའཔ་སྐྱེས་པ་འདི་རང་གི་བཟའ་ཟླ་ཡིན་པའང་ཡིད་ཆེས་བྱེད་དཀའ་བར་གྱུར།

    སྨན་ཁང་ལས་ཉིན20ལ་སྨན་བཅོས་བྱས་རྗེས་སླར་ཡང་སྐྱེ་རྒུ་ལ་ཕྱིར་ལོག་ལ། དེའི་རྗེས་སུ་ཁོས་མགོ་བོའི་ན་ཟུག་དང་སྐྱུག་མེར་ལངས་པའི་མནར་གཅོད་བསྲན་བཞིན་གཟའ་འཁོར་རེར་ཁབ་རེ་བརྒྱབ་ནས་མུ་མཐུད་དུ་བསྐྱར་འཛུགས་ཀྱི་ཡུལ་དངོས་ན་འབད་འབུངས་བྱེད་བཞིན་མཆིས།

    ད་ལྟ་སྐྱེ་རྒུ་གྲོང་རྡལ་གྱི་ཁང་རྙིང9760དང་ཁྱིམ་ཚང2538ཀྱི་གནས་སྤོར་འཆར་འགོད་ལེགས་འགྲུབ་བྱས་ཟིན་ལ། ཀྲང་ཀོ་ཆང་ཐེངས་རེར་སྲང་ལམ་དུ་མྱུལ་སྐབས་དེ་སྔོན་ཁོར་སྡིག་དམོད་བྱེད་མཁན་དེ་དག་ལ་འཕྲད་ནའང་བཀྲ་ཤིས་ཚེ་རིང་གི་ཁ་གཡང་ཁྲོད་སླར་ཡང་འཛུམ་མདངས་རྒྱས་སྲིད།

    ཆེས་དཀའ་ངལ་ཆེ་བའི་བྱ་བ་ད་ལྟ་མཇུག་བསྒྲིལ་ཟིན་པས་ཀྲང་ཀོ་ཆང་མཚམས་ལ་རེར་སྟོང་སྡེ་རི་རྩེར་འགོས་ནས་རི་འདབས་ཀྱི་མཁར་གྲོང་ལ་རྒྱང་ལྟ་བྱེད་དུས། སྡོད་དམངས་རྣམས་ཁང་གསར་དུ་གནས་སྤར་ཞིང་བསྐྱར་སྐྲུན་ལས་གཞི་མང་ཆེ་བ་ལེགས་འགྲུབ་བྱུང་བ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་གཞུང་ལམ་དག་ཤར་གཏོང་བྱས་ཡོད།

    ཀྲང་ཀོ་ཆང་གིས“མ་འོངས་པར་ངས་འགྱོད་གདུང་ཅི་ཡང་མེད་པར་གྲོང་ཁྱེར་འདིར་བཞག་པའི་བྱས་རྗེས་དག་བུ་དང་ཚ་བོར་བཤད་ཆོག་ལ། ལོ་རྒྱུས་ཀྱིས་གནང་བའི་འགན་འཁྲི་འདིས་ང་ལ་སྦྱོང་བརྡར་ཐེབས་ཤིག་བྱས་པ་དང་། མ་འོངས་པར་མཛེས་སྡུག་གིས་ཁེངས་པར་ཡིད་ཆེས་བརྟན་པོ་ཡོད”ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག