མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-27 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལོ་ཧོས་ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས། ལོ་ཧོས་ཉིན་གྱིས་བཤད་རྒྱུར། སྲིད་གཞུང་གི་སྒུལ་ཤུགས་དང་མང་ཚོགས་ཀྱི་འབད་བརྩོན་གཉིས་ཟུང་འབྲེལ་བྱེད་པ་དང་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་དང་རང་སྟེང་གི་ནུས་པ་གཉིས་ཟུང་འབྲེལ་བྱས་ཏེ། མགོ་ལོག་གིས་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་ཐོག་མར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཟེར། ཁོས་བཤད་རྒྱུར། འདས་ཟིན་པའི་ལོ་ལྔའི་རིང་ལ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་བྱ་བའི་ཐད་ནས་འབུར་དུ་ཐོན་པའི་གྲུབ་འབྲས་བླངས་ཡོད་པ་དང་། ནུས་པ་ལྡན་པའི་སྒོ་ནས་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་ལ་ཡར་སྐུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་བྱས་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བཟང་བོ་བྱས་ཟེར།

ལོ་ཧོས་ཉིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་མགོ་ལོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། འོན་ཀྱང་འཕྲད་སྲིད་པའི་དཀའ་ཁག་ད་དུང་མི་ཉུང་བ་ཞིག་ཡོད་ལ། ལྷག་པར་དུ་ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་གཞི་ནས་ཡོངས་འགྲུབ་བྱས་རྗེས་མགོ་ལོག་ཁུལ་གྱི་འཕེལ་རྒྱས་གནད་དོན་སྔར་ལས་འབུར་ཐོན་ཡིན་པས། ངེས་པར་དུ་ཁྱད་པར་ཅན་གྱི་སྲིད་ཇུས་དང་ཁྱད་པར་ཅན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། དེ་བས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དུ་མགོ་ལོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་འཆར་བཀོད་པ་དང་། དེ་ནི་མགྱོགས་མྱུར་སྒོས་ཁྱབ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། མགོ་ལོག་ཁུལ་གྱིས་དམངས་འཚོ་ལེགས་བཅོས་བྱེད་པའི་བཟོ་སྐྲུན་རབས་དང་རིམ་པ་དམ་འཛིན་དང་ལག་བསྟར་བཟང་བོ་བྱེད་པ་དང་། མགོ་ལོག་གནམ་གྲུ་ཐང་དང་རྨ་ལྷོ་ནས་མགོ་ལོག་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་བཟོ་སྐྲུན་གལ་ཆེན་གྱི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ལོ་ཧོས་ཉིན་གྱིས་བཤད་རྒྱུར། བསམ་འཆར་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་དང་དངོས་འབེབ་བཟང་བོ་བྱེད་རྒྱུ་ནི་མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཡིན། རྒྱབ་ཁབ་ཀྱི་ཐུགས་ཁུར་དང་ཞིང་ཆེན་གྱི་རྒྱབ་སྐྱོར། ཕྱོགས་སོ་སོའི་རོགས་སྐྱོར་དེ་ཧ་ཅང་གལ་ཆེ་ལ། ཆེས་གལ་ཆེ་བ་ནི་མགོ་ལོག་ཁུལ་རང་སྟེང་གི་འབད་བརྩོན་ཡིན་པས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་གྱི་རྣམ་འགྱུར་བཟུང་སྟེ་མགོ་ལོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག